༡༥/༥/༢༠༡༢
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ དྲུང་ཆེན་ཀརྨ་ཚུལ་ཁྲིམས་དང་ ནོར་ཝེའི་གཞུང་ཚབ་ ཨཱན་ཨོ་གི་བར་ན་ ཆིངས་ཡིག་གུ་མཚན་རྟགས་བཀོད་པའི་བསྒང་། |
དེ་ཡང་ འབྲུག་དང་ ནོར་ཝེ་རྒྱལ་ཁབ་༢ ཀྱི་བར་ན་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་བའི་སྐབས་ འབྲུག་ལུ་ ནོར་ཝེའི་གཞུང་ཚབ་ ཨཱན་ཨོ་ནིསི་ཊེད་ཀྱིས་ སླབ་མིའི་ནང་ མ་དངུལ་གྲོགས་རམ་དེ་གིས་ རྒྱལ་ཁབ་ཀྱི་ གློག་མེ་འཕྲུལ་ཁང་ཚུ་ གོང་འཕེལ་བཏང་སྟེ་ མི་སྡེ་དཔལ་འབྱོར་གྱི་གནས་ཚད་ ཡར་དྲག་གཏང་ནི་ལུ་ ཕན་ཐོགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གཞུང་ཚབ་དེ་ རྒྱལ་ཁབ་ནང་ འབྲུག་དང་ ནོར་ཝེ་རྒྱལ་ཁབ་༢ ཀྱི་བར་ན་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ གྲོས་བསྟུན་ཞལ་འཛོམས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ བྱོན་ཡོདཔ་ད་ མོ་གིས་འབད་བ་ཅིན་ མ་དངུལ་དེ་གིས་ རང་བཞིན་དང་འབྲེལ་བའི་ རྐྱེན་ངན་ཚུ་ལས་ཡང་ བཀག་ཐབས་འབད་ནི་ལུ་ ཕན་ཁྱད་འབྱུང་འོང་ཟེར་ཨིན་པས།
ནོར་ཝེ་དེ་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཅིག་ཨིནམ་ལས་ ད་རེས་འབདཝ་ད་ འབྲུག་ལུ་ མ་དངུལ་གྲོགས་འབད་མི་དེ་ གོ་རིམ་༤ པ་ཨིནམ་ད་ གོ་རིམ་དེ་གི་ཐོག་ལས་ འབྲུག་གི་ གློག་མེ་ལས་འགུལ་གྱི་ སྲིད་བྱུས་དང་བསྟུན་ གློག་མེ་དང་འབྲེལ་བའི་ཉེན་སྲུང་གི་ ལཱ་འབད་ནི་དང་ རྐྱེན་ངན་ཚུ་ ངོས་འཛིན་འབད་ནི་ དེ་ལས་ རྐྱེན་ངན་མ་བྱུང་པའི་ཧེ་མར་ མི་མང་ལུ་ ཉེན་བརྡ་འབད་ནི་ཚུ་གི་དོན་ལུ་ ལཱ་འབད་ནི་ཨིན་པས།
དེ་བཟུམ་མའི་ ལཱ་ཚུ་ལུ་བརྟེན་ གློག་མེ་དང་འབྲེལ་བའི་ རྐྱེན་ངན་ཚུ་ལུ་ གདོང་ལེན་འབད་ཚུགས་པའི་ ལྷན་ཐབས་འབྱུང་འོང་ཟེར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ ཀརྨ་ཚུལ་ཁྲིམས་ཀྱིས་ སླབ་ཨིན་པས།
གྲོགས་རམ་མ་དངུལ་དེ་ དབྱེ་ཁག་གསུམ་སྦེ་ བགོ་བཀྲམ་འབད་ཡོདཔ་ད་ དེ་ཡང་ མ་དངུལ་ཡོངས་བསྡོམས་ ནོར་ཝེ་ཇེན་གྱི་ཏི་རུ་ ནོག་ས་ཡ་༣༦ གྲོགས་རམ་བྱིན་མི་ལས་ ནོག་ས་ཡ་༢༨ དེ་ ནུས་ཤུགས་གོང་འཕེལ་གཏང་ནི་དང་ ཆུ་རྐ་འཛིན་སྐྱོང་གི་ འཆར་གཞི་བརྩམ་ནི་ གློག་མེ་ལས་འགུལ་ནང་ ལཱ་འབད་མི་ མི་སྟོབས་གོང་འཕེལ་གཏང་ནི་ གློག་མེ་འཕྲུལ་ཆས་ཚུ་ལུ་ གནོད་སྐྱོན་རྐྱབ་ནི་གི་ ཉེན་ཁ་ཡོད་མི་ ཁྱེགས་མཚོ་བཞུ་མི་ཚུ་ བཀག་ཐབས་འབད་ནི་ལུ་ ལག་ལེན་འཐབ་ནི་ དེ་ལས་ ལྷུན་རྩེ་མཁོ་མ་ཆུའི་ གློག་མེ་ལས་འགུལ་འགོ་བཙུག་ནི་ཨིན་པས།
དེ་ལས་ དབྱེ་ཁག་གཉིས་པ་ མ་དངུལ་ནོག་ས་ཡ་༦ བགོ་བཀྲམ་འབད་མི་དེ་གིས་ གློག་མེ་ལས་འགུལ་ ཉེན་སྐྱོབ་འབད་ནིའི་དོན་ལུ་ འཕྲུལ་ཆས་མཁོ་སྒྲུབ་འབད་ནི་དང་ ཆུ་རྐ་ལེགས་ཤོམ་སྦེ་ གནས་ཐབས་ལུ་ ཆུ་ཧིང་སངས་ས་བཞག་ནིའི་ལཱ་ཚུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དབྱེ་ཁག་༣ པ་ མ་དངུལ་ནོག་ས་ཡ་༢ ཀྱི་ཐོག་ལས་ ཐིམ་ཕུ་དང་ དབང་འདུས་ཕོ་བྲང་གི་བར་ན་ ས་འོག་ལས་ ལམ་བསལ་ནི་གི་ ལཱ་འགོ་བཙུག་ནི་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment