Pages

བ་འཇོ་ཁྲོམ་ས་བགོ་བཀྲམ་ལུ་ ཞིབ་དཔྱད་ཐེངས་༣ པ་ འབད་བའི་བསྒང་ཡོདཔ།


རིག་འཛིན་དབང་ཕྱུག།

དབང་འདུས་ཕོ་བྲང་ བ་འཇོ་ཐང་ཁྲོམ་གསརཔ་ལས་ ཚོང་པ་༡༣༡ ལུ་ ཚོང་ཁང་རྐྱབ་ནིའི་དོན་ལུ་ ཁྲོམ་ས་བགོ་བཀྲམ་འབད་མི་དང་ བསྟུན་ མང་ཤོས་ཅིག་གིས་ར་ སྒྲིང་ཁྱིམ་རྐྱབ་ཚར་ཡོད་རུང་ ཁྱིམ་ས་བགོ་བཀྲམ་རྣམ་དག་མ་འགྱོ་བའི་སྐོར་ ལོ་ངོ་༧ གྱི་ཧེ་མ་ལས་ རྩོད་རྙོགས་བྱུང་མི་དེ་ ད་ལྟོའི་བར་ན་ཡང་ མཇུག་མ་བསྡུ་བར་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༠༨ ལུ་ ཁྲོམ་ས་བགོ་བཀྲམ་གྱི་ བྱ་རིམ་ཚུ་ལུ་ ངན་ལྷད་བཀོག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་ཐེངས་༢ པ་ འབད་བའི་ཤུལ་ལུ་ བ་འཇོ་ཁྲོམ་ཁར་ ས་ཚན་༡༣༨ ཡོད་མི་ལས་ ཚོང་འབྲེལ་ཆོག་ཐམ་འཆང་མི་༡༣༡ ལུ་ ཁྱིམ་ས་བགོ་སྤྲོད་འབད་དེ་ ས་ཚན་ལྷག་ལུས་༧ ལུས་མིའི་གུ་ ཁྲོམ་གྱི་ སྔོ་ཚལ་དང་ལྡནམ་སྦེ་ བཞག་ནི་གི་ ས་ཁོངས་ནང་ལས་ ས་ཚན་ཐེབས་༥ བཀལ་ཏེ་ ས་ཚན་༡༢ བཟོ་ཐོག་ལས་ ཁྱིམ་ས་མ་ཐོབ་མི་ ཚོང་པ་༢༤ ལུ་ བགོ་བཀྲམ་འབད་ནི་གི་ ཕྱི་སེལ་ཐོ་ཡིག་བཟོ་ཚརཝ་ད་ ད་རུང་ ཉོགས་བཤད་བཀོད་ནི་དེ་གིས་ ཁྲོམ་ས་བགོ་བཀྲམ་འབད་མ་ཚུགས་པར་ ཐོགས་ལུས་ཏེ་ཡོདཔ་ཨིན་པས།
དེ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲོམ་ས་བགོ་བཀྲམ་བྱ་སྒོ་ཚུ་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ ད་རེས་འབདཝ་ད་ ཞིབ་དཔྱད་ལན་ཐེངས་༣ འགྱོ་མི་དེ་ཡང་ ཞིབ་དཔྱད་དང་པ་དེ་ སྤྱི་ལོ་༢༠༠༧ ལུ་ ས་གནས་ཀྱི་ ཚོང་པ་ཚུ་གིས་ ཁྲོམ་ཁར་སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ ཁྱིམ་ས་བགོ་བཀྲམ་གྱི་ ཁྱད་ཆོས་ཚུ་ ཚུལ་ལྡན་དང་ རྣམ་དག་མེད་པའི་སྐོར་ལས་ ཉོགས་བཤད་བཀོད་མི་ཚུ་ལུ་ འབད་བའི་ཁར་ སྤྱི་ལོ་༢༠༠༨ ལུ་ ཁྱིམ་ས་ཚུ་ ཚོང་འབྲེལ་ཆོག་ཐམ་འཆང་སྤྱོད་འབད་དེ་ ལོ་ངོ་ལེ་ཤ་སོང་མི་ཚུ་གིས་ ཐོབ་དགོཔ་ཨིན་རུང་ ལ་ལུ་ཅིག་ལུ་ མ་ཐོབ་སྦེ་ བཟོ་བའི་སྐོར་ མི་༩ གིས་ ཉོགས་བཀོད་མི་ལུ་བརྟེན་ ཞིབ་དཔྱད་ལན་ཐེངས་༢ པ་འབད་དགོཔ་བྱུང་ཡོདཔ་ཨིན་པས།
དེ་འབདཝ་ད་ ཞུ་ལོག་རྐྱབ་མི་༩ པོ་དེ་ ད་ལྟོ་ ཁྱིམ་ས་༡༢ བགོ་བཀྲམ་མ་འབད་བར་ ཐོགས་ལུས་མིའི་ནང་ཡང་ ཐོབ་མིའི་གྲངས་སུ་མ་ཚུདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕྱག་ཕུལ་བའི་ཤུལ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ད་རུང་ ཞིབ་དཔྱད་རྐྱབ་དགོ་པའི་ བཀའ་རྒྱ་གནང་མི་དང་བསྟུན་ སྤྱི་ཟླ་༢ པ་ལས་ ཞིབ་དཔྱད་གོ་རིམ་༣ པ་ འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཉོགས་བཀོད་མི་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ འཐུས་མི་༥ འབད་མི་ ཁྲོམ་སྡེ་ཚོགས་ཆུང་གིས་ ཁྱད་ཚད་མ་ལྡན་མི་ ཁོང་རའི་ ནང་མི་བཟའ་ཚང་ཚུ་ལུ་ ཁྲོམ་ས་ཐོབ་སྦེ་བཟོ་སྟེ་ ཚོང་འབྲེལ་ཆོག་ཐམ་ སྤྱི་ལོ་༡༩༨༧ ལས་ཡོད་མི་ ལ་ལུ་ཅིག་ལུ་ མ་ཐོབ་བཟོ་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་པར་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ ཞུ་ལོག་རྐྱབ་ཅི་ཟེར་ཨིན་པས།
གོ་རིམ་དང་པའི་ནང་ སྤྱི་ལོ་༢༠༠༠ ཚུན་ཚོད་ ཚོང་འབྲེལ་ཆོག་ཐམ་འཆང་མི་ཚུ་ལུ་ ཁྲོམ་ས་བགོ་བཀྲམ་འབད་ཡོད་རུང་ ཁྱད་ཆོས་དེ་ ཤུལ་ལས་ སྤྱི་ལོ་༢༠༠༣ དང་ དེ་ལས་ སྤྱི་ལོ་༢༠༠༧ ཚུན་ཚོད་བཟོ་བའི་སྐབས་ ཤུལ་ལས་ ཚོང་འབྲེལ་ཆོག་ཐམ་ཐོབ་མི་ཚུ་ཡང་ ས་ཚན་༡༢ ཐོབ་མིའི་གྲངས་སུ་ ཚུད་ཡོདཔ་ཨིན་པས།
དབང་འདུས་ཕོ་བྲང་གི་རྫོང་བདག་ ལྷུན་གྲུབ་དབང་ཕྱུག་གིས་ སླབ་མིའི་ནང་ ཞབས་ཏོག་ལྷན་ཁག་ལས་ ད་ལྟོ་ ས་ཚན་༡༢ ཡོད་མི་དེ་ མི་༢ བསྡོམས་ཏེ་ ས་ཚན་རེ་ བགོ་བཀྲམ་འབད་དགོ་པའི་ བཀོད་བྱ་ལྷོད་ཡོདཔ་ལས་ དེ་དང་འཁྲིལ་ འཐོབ་ནི་གི་ འོས་འབབ་ཡོད་མི་༢༤ གདམ་འཐུ་འབད་ཚར་བའི་ཤུལ་ལུ་ བགོ་བཀྲམ་འབད་ནི་གུ་ལྷོདཔ་ད་ མི་༩ གིས་ ཧེ་མ་ཡང་ ལེགས་ཤོམ་འགྱོ་མ་བཏུབ་ལས་ ལོག་བསྐྱར་ཞིབ་འབད་དགོ་ཟེར་ ཉོགས་བཤད་བཀོད་མི་ལུ་བརྟེན་ ཐོགས་ལུས་སོ་ཡི་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༧ ལུ་ ཞིབ་དཔྱད་རྐྱབ་མི་ཚུ་ཡང་ ལོག་སྟེ་ར་ བརྟག་ཞིབ་འབད་དོ་ཟེར་ཨིནམ་ད་ ཁྲོམ་ས་བགོ་བཀྲམ་གྱི་ བྱ་རིམ་ཚུ་ ཞབས་ཏོག་ལྷན་ཁག་དང་ རྫོང་ཁག་བདག་སྐྱོང་གིས་ ཁྲོམ་སྡེ་ཚོགས་པ་ལུ་ འབད་བཅུག་མི་ལུ་བརྟེན་ དཀའ་ངལ་ཚུ་ ཐོན་ནུག་ཟེར་ཨིན་པས།
ཁྲོམ་ས་བགོ་བཀྲམ་འབད་ཐངས་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་ཤོག་ལེ་ཤ་གནང་ཡོདཔ་ལས་ དབང་འཛིད་འགོ་དཔོན་ཚུ་གིས་ བཀའ་ཤོག་དང་འཁྲིལ་ ཕྱག་ལཱ་མཛད་ཡོད་པ་ཅིན་ རྩོད་རྙོགས་ཚུ་ ཐོན་དགོཔ་མིན་འདུག་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment