Pages

མ་དངུལ་གྱི་དོན་ལུ་ འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་བརྒྱ་ཆ་༡༠ ཐོབ་དགོཔ།


༉ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་མ་དངུལ་འཐོབ་དགོ་པ་ཅིན་ སང་ཕོད་ བཙག་འཐུའི་ནང་ བཅའ་མར་གཏོགས་མི་ སྲིད་ཚོགས་ཚུ་གིས་ འགོ་ཐོག་བཙག་འཐུའི་སྐབས་ ཚོགས་རྒྱན་ཉུང་ཤོས་བརྒྱ་༡༠ ཐོབ་དགོཔ་ཨིན་པས།


བཙག་འཐུ་ལྷན་ཚོགས་ཀྱི་ རྩིས་འཛིན་འགོ་དཔོན་ ཚེས་དབང་དཔལ་འབྱོར་གྱིས་ སླབ་མིའི་ནང་ སང་ཕོད་ སྤྱི་ཚོགས་ཅན་གྱི་ བཙག་འཐུ་༢ པའི་དོན་ལུ་ འགོ་ཐོག་བཙག་འཐུ་འབད་དགོཔ་ འཐོན་པ་ཅིན་ སྲིད་ཚོགས་ཚུ་གིས་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུའི་ནང་ མི་མང་བསྐུལ་བསྒྲགས་ཀྱི་ མ་དངུལ་འཐོབ་ནིའི་དོན་ལུ་ འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་ཉུང་ཤོས་བརྒྱ་ཆ་༡༠ ཐོབ་དགོ་ཟེར་ཨིན་པས།
དེ་ཡང་ སྲིད་ཚོགས་ཀྱི་ འདེམས་ངོ་རེ་ལུ་ མི་མང་བཙག་འཐུ་མ་དངུལ་ནང་ལས་ འདེམས་ངོ་རེ་ལུ་ དངུལ་ཀྲམ་༡༠༠,༠༠༠ རེ་ བསྐུལ་བསྒྲགས་མ་དངུལ་སྦེ་ བྱིན་སྲོལ་ཡོདཔ་ད་ ཚོགས་རྒྱན་བརྒྱ་ཆ་༡༠ མ་ཐོབ་མི་ སྲིད་ཚོགས་ཚུ་གིས་ མ་འོངས་པའི་ བཙག་འཐུའི་སྐབས་ འབྲེལ་གཏོགས་འབད་ཆོག་རུང་ མ་དངུལ་རྒྱབ་སྐྱོར་དེ་ མི་འཐོབ་ནི་ཨིན་པས།
འགོ་ཐོག་བཙག་འཐུ་ཟེར་མི་དེ་ བཙག་འཐུའི་ནང་ བཅའ་མར་གཏོགས་མི་ སྲིད་ཚོགས་༢ ལས་མངམ་སྦེ་ འཐོན་པ་ཅིན་ སྲིད་ཚོགས་ཚུ་གི་བར་ན་ ཚོགས་རྒྱན་སྐྱུར་ཞིནམ་ལས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ སྲིད་ཚོགས་༢ གདམ་ཁ་རྐྱབ་ནི་གི་ བཙག་འཐུའི་བྱ་རིམ་ཅིག་ཨིན་པས།
གལ་སྲིད་ སྲིད་ཚོགས་ཅིག་གིས་ འགོ་ཐོག་བཙག་འཐུའི་སྐབས་ ཚོགས་རྒྱན་བརྒྱ་ཆ་༡༠ ཐོབ་མ་ཚུགས་པ་ཅིན་ བཙག་འཐུའི་ནང་ བཅའ་མར་གཏོགས་ཆོགཔ་ཨིན་རུང་ མི་མང་བཙག་འཐུ་མ་དངུལ་ལས་ བསྐུལ་བསྒྲགས་མ་དངུལ་གྱི་ རྒྱབ་སྐྱོར་མི་འཐོབ་ནི་ཨིན་པས།
དེ་མ་ཚད་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ འགོ་ཐོག་བཙག་འཐུའི་ནང་ ལན་ཐེངས་༢ ཚོགས་རྒྱན་བརྒྱ་ཆ་༡༠ ཐོབ་མ་ཚུགས་པ་ཅིན་ སྲིད་ཚོགས་དེ་ ཐོ་བཀོད་ནང་ལས་ར་ བཏོག་གཏང་དགོཔ་ཨིན་པའི་གནས་ཚུལ།

No comments:

Post a Comment