༉ ཐིམ་ཕུ་ལུང་བསྟན་ཟམ་པ་དང་ བར་སྦིས་ས་བར་ནའི་ མགྱོགས་ལམ་བདའ་སྟེ་ ཉེན་སྲུང་ལྡན་པའི་ མི་ལམ་དང་ འཁོར་ལམ་སྐེདཔ་བཏོག་འགྱོ་ས་ཅིག་ མེད་པ་ལུ་བརྟེན་ རྐང་སྟོང་འགྱོ་མི་ཚུ་ མགུ་འཐོམ་བཅུག་དོ་ཡོདཔ་ཨིན་པས།
ཞི་གཡོགཔ་ཅིག་ཨིན་མི་ སྐྱེས་ལོ་༣༨ ལང་མི་ བསོད་ནམས་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སྦོམ་ཚུ་གི་ཐད་ཁར་ ག་དེ་སྦེ་ཨིན་རུང་ ཨ་ལུ་ཚུ་ སེམས་ཡེངས་ཏེ་ མགྱོགས་ལམ་གྱི་ ཟུར་བདའ་སྟེ་འགྱོ་བའི་སྐབས་ ཕར་ལས་འོང་མི་ སྣུམ་འཁོར་དེ་ཡང་ ཤུགས་ཚད་ལས་བརྒལ་ཏེ་ འོང་མི་ཨིན་པ་ཅིན་ འཐུ་བཀོ་ནིའི་ ཉེན་ཁ་སྦོམ་ཡོདཔ་ལས་ ཚ་གྱང་ལངམ་མས་ཟེར་ཨིན་པས། གལ་སྲིད་ མགྱོགས་ལམ་བདའ་སྟེ་ མི་ལམ་དང་ ལམ་སྐེདཔ་བཏོག་འགྱོ་ས་རེ་ བཟོ་སྟེ་ཡོད་པ་ཅིན་ ཉེན་སྲུང་དང་ལྡན་ནི་མས་ཟེར་ ཁོ་གིས་ སླབ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ ཁྲོམ་ལམ་དང་ ཆུ་གཡུར་སྡེ་ཚན་གྱི་འགོ་དཔོན་ སངས་རྒྱས་དབང་འདུས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཁྲོམ་ལམ་གྱི་ ཟུར་བདའ་སྟེ་ མི་ལམ་དང་ ལམ་སྐེདཔ་བཏོག་འགྱོ་ས་ཚུ་ ཆ་མཉམ་ར་ ཁྲོམ་སྡེ་ལས་འཛིན་གྱིས་ འགོ་འདྲེན་འཐབ་སྟེ་ བཟོ་ཡི་ཟེར་ཨིན་པས།
དེ་འབདཝ་ད་ མགྱོགས་ལམ་བདའ་སྟེ་ བཟོ་དགོ་པའི་ འཁྲི་འགན་ཕོག་སྟེ་མེདཔ་ལས་ འབད་ཐབས་ཅིག་ ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་ཕྲུག་ཨ་ལུ་ཚུ་ ཉེན་སྲུང་དང་ལྡན་ནིའི་དོན་ལུ་ མི་ལམ་ཚུ་ བཟོ་སྟེ་ཡོད་རུང་ ལ་ལུ་གིས་ ལག་ལེན་འཐབ་མི་བཏུབ་པས་ཟེར་ཨིན་པས།
དཔེ་འབད་བ་ཅིན་ ལྕང་འབངས་འགྲོ་འབྲིང་རིང་སློབ་གྲྭ་ཆུང་བའི་ སྦོ་ལོགས་ཁར་ཡོད་མི་ཟམ་གུ་ མི་ལམ་བཟོ་སྟེ་འབད་རུང་ སློབ་ཕྲུག་ཚུ་གིས་ དེ་ནང་ལས་མ་འགྱོ་བར་ འཁོར་ལམ་བདའ་སྟེ་ འགྱོཝ་མས་ཟེར་ཨིནམ་ད་ ཨིན་རུང་ དེ་ནང་ལས་ ཨིན་ཅི་མིན་ཅི་ འགྱོ་དགོཔ་སྦེ་ བདུན་ཕྲག་ཅིག་གི་ཧེ་མར་ བཟོ་ཡི་ཟེར་ཨིན་པས།
ལས་འཛིན་ཅིག་ནང་ལཱ་འབད་མི་ སྐྱེས་ལོ་༢༧ ལང་མི་ ཉི་མ་བཟང་མོ་གིས་འབད་བ་ཅིན་ མི་ལམ་དང་ ལམ་སྐེདཔ་བཏོག་འགྱོ་ནི་དེ་ ཁྲོམ་ཁར་རྐྱངམ་གཅིག་མེན་པར་ མགྱོགས་ལམ་གྱི་ ཟུར་བདའ་སྟེ་ཡང་ བཟོ་དགོཔ་གནམ་མེད་ས་མེད་ ཁག་ཆེ་བས་ཟེར་ཨིན་པས།
མ་གཞི་ མགྱོགས་ལམ་དེ་ སྣུམ་འཁོར་འགྱོ་ས་ཅིག་ཨིན་རུང་ སྣུམ་འཁོར་མེད་མི་ཚུ་གི་དོན་ལུ་ མི་ལམ་དང་ ལམ་སྐེདཔ་བཏོག་འགྱོ་ས་ཚུ་ དགོཔ་ཁག་ཆེ་བས་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ནངས་པ་ ན་གཞོན་ཚུ་གིས་ མགྱོགས་ལམ་བདའ་སྟེ་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ བཏང་དོ་ཡོདཔ་ལས་ མི་གི་ཚེ་སྲོག་ལུ་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
གལ་སྲིད་ མི་ལམ་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ སྣུམ་འཁོར་ཚུ་ ཤུགས་ཚད་གུ་བཏང་རུང་ ལམ་འགྱོ་མི་ཚུ་ལུ་ ཉེན་ཁ་ཆུང་ནི་བཟུམ་ཅིག་ མཐོངམ་མས་ཟེར་ ཉི་མ་བཟང་མོ་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment