Pages
▼
གསོལ་རས་ཚུ་སྣུམ་འཁོར་མིན་པར་ དངུལ་རྐྱང་བྱིན་དགོཔ།
༉ འཕྲལ་ཁམས་ཅིག་ཁར་ དངུལ་རྩིས་ལྷན་ཁག་གིས་ རྒྱལ་ཁབ་ནང་ དངོས་མཐོང་གི་ སྤྲོ་སྟོན་ལས་རིམ་འགོ་འདྲེན་འཐབ་མི་ མང་སུ་ཐོན་མི་ཚུ་ལས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་སྦེ་ སྣུམ་འཁོར་བྱིན་ནི་ཚུ་ མཚམས་འཇོག་འབད་དགོ་པའི་ མི་མང་གསལ་བསྒྲགས་ཅིག་འབད་ནུག།
དངུལ་རྩིས་དྲུང་ཆེན་ བླམ་རྡོ་རྗེ་གིས་ སླབ་མིའི་ནང་ དེ་སྦེ་ བཀག་ཆ་འབད་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་ལངམ་མེད་པའི་ དཀའ་ངལ་ཆུང་སུ་བཟོ་ཐབས་ལུ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ སྣུམ་འཁོར་དང་ མར་ཁུ་ནང་འདྲེན་འབད་མི་དེ་གིས་ དངུལ་སྤྲོད་ལེན་གྱི་ ཆ་སྙོམས་ནང་ གནོད་པ་སྦོམ་ཡོདཔ་བཞིན་དུ་ ནང་འདྲེན་མར་ཕབ་འབད་བ་ཅིན་ རུ་པི་ཕྱི་ཁར་ འགྱོ་ནི་ཡང་ མར་ཕབ་འབད་ཚུགས་པའི་ ཕན་ཐབས་ཡོད་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་ འབྲུག་མི་ཚུ་གིས་ སྣུམ་འཁོར་གསརཔ་༨,༠༠༠ ནང་འདྲེན་འབད་ཡོདཔ་ལས་ རྒྱལ་ཁབ་ནང་གི་ སྣུམ་འཁོར་གྱི་གྱངས་ཁ་༦༢,༦༩༧ ལུ་ ཡར་སེང་སོང་མི་ལས་༥༧,༠༠༠ དེ་ཅིག་ སྒེར་འཁོར་ཨིནམ་ད་ ས་སྣུམ་གྱི་ཐོན་སྐྱེད་ དཔེར་ན་ ཌི་ཟིལ་དང་ པེ་ཊཱོལ་ ས་མར་ཁུ་ དེ་ལས་ མེ་རླུང་རྒྱ་རྫི་ལག་ལེན་གྱི་ ཚད་གཞི་དེ་ཡང་ སྤྱི་ལོ་༢༠༠༩ ལུ་ དངུལ་ཀྲམ་དུང་ཕྱུར་༤.༤ ལས་ དངུལ་ཀྲམ་དུང་ཕྱུར་༥.༡ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།
ཨིན་རུང་ དངོས་མཐོང་གི་ སྤྲོ་སྟོན་ལས་རིམ་འགོ་འདྲེན་འཐབ་མི་ཚུ་ལུ་ དངུལ་རྩིས་ལྷན་ཁག་གིས་ བཀག་ཆའི་གྲོས་ཐག་བཅད་མི་དེ་གིས་ ཁོང་གི་ ཚོང་འབྲེལ་ལུ་ ཐོ་མ་ཕོག་ཟེར་ཨིནམ་ད་ འབྲུག་ཡུལ་གྱི་ དྲག་ཤོས་འགྲན་བསྡུར་འགོ་འདྲེན་འཐབ་མི་ བསྟན་འཛིན་འཕྲིན་ལས་ཀྱིས་འབད་བ་ཅིན་ འགོ་ཐོག་སྐབས་ དོ་འགྲན་པ་དྲག་ཤོས་༥ ཐོན་མི་ལུ་ སྣུམ་འཁོར་ཀཱར་༥ གསོལ་རས་སྦེ་ བྱིན་ནི་གི་ མནོ་བསམ་བཏང་ཡོད་རུང་ ད་རེས་འབདཝ་ད་ དངུལ་རྐྱང་གི་ གསོལ་རས་བྱིན་ནི་སྦེ་ ཐག་བཏོག་ཅི་ཟེར་ཨིན་པས།
ཁོང་གི་གསོལ་རས་ཚུ་ཡང་ སྣུམ་འཁོར་གྱི་ སྤུས་ཚད་དང་འཁྲིལ་ དངུལ་ཀྲམ་༢༩༠,༠༠༠ ལས་༣༧༠,༠༠༠ གི་བར་ན་ཡོདཔ་ཨིན་པས།
དེ་ལས་ འདས་པའི་རེས་གཟའ་ཟླ་བ་ལུ་ མཐའ་བཅད་འགྲན་བསྡུར་འོག་མ་མཇུག་བསྡུ་མི་ འབྲུག་ན་ཆུང་གི་ གསུང་སྐད་འགྲན་བསྡུར་ལས་ དྲག་ཤོས་ཐོན་མི་༣ ལུ་ཡང་ དངུལ་རྐྱང་གི་ གསོལ་རས་བྱིན་ནི་སྦེ་ ཐག་བཅད་ཡོདཔ་ད་ འགྲན་བསྡུར་འགོ་འདྲེན་པ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས་རུང་ ལས་རིམ་ནང་ འབྲེལ་གཏོགས་འབད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཐའ་བཅད་འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༩༠,༠༠༠ དང་༡༣༠,༠༠༠ དེ་ལས་ དངུལ་ཀྲམ་༢༣༠,༠༠༠ ཡོད་ཟེར་ཨིན་པས།
དེ་འབདཝ་ད་ དོ་འགྲན་འབད་མི་དང་ གསུང་སྐད་འགྲན་བསྡུར་བལྟ་མི་ཚུ་གིས་ ཉོགས་བཤད་བཀོད་མིའི་ནང་ སྣུམ་འཁོར་གྱི་ གོང་ཚད་དང་འཁྲིལ་བ་ཅིན་ དངུལ་རྐྱང་གི་ གསོལ་རས་ཚུ་ ཉུང་ར་ཉུངམ་མས་ཟེར་ཨིན་པའི་གནས་ཚུལ།
No comments:
Post a Comment