ཤིང་གཉེར་གྱི་ གཡུས་མི་ཚུ་གིས་ འཐུང་ཆུའི་དོན་ལུ་ ལག་ལེན་འཐབ་མི་ཨུམ་ཆུ། |
༉ བུམ་ཐང་རྫོང་ཁག་ནང་ དབུལ་ཕོངས་ཀྱི་དཀའ་ངལ་ མཐོ་ཤོས་ཡོད་མི་ ཨུ་ར་རྒེད་འོག་གི་ ཤིང་གཉེར་གཡུས་ཚན་དེ་ གཞུང་ལམ་ལས་ ཁ་མར་བལྟ་སྟེ་ ཀི་ལོ་མི་ཊར་དག་པ་ཅིག་གི་ ས་ཁར་ཆགས་ཏེ་ཡོདཔ་ཨིན་རུང་ གཡུས་ཚན་དེ་ནང་ འཐུང་ཆུའི་ དཀའ་ངལ་བྱུང་སྟེ་ བདུན་ཕྲག་༡ དེ་ཅིག་ལང་ཡོདཔ་ལས་ ཉེ་འདབས་ཀྱི་ ས་གནས་ཅིག་ནང་ ཨུམ་ཆུ་ཅིག་ཡོད་མི་ལས་ དབོགས་ཏེ་འཐུང་དོ་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ ཁྱིམ་གུང་༣༡ དེ་ཅིག་ ཡོད་མི་ཚུ་གི་དོན་ལུ་ སྤྱི་ལོ་༢༠༠༩ ལུ་ གཡུས་ཚན་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ས་ཁར་ཡོད་མི་ གཞུང་ལམ་གྱི་ས་གནས་ ག་ཁྲབ་ཟེར་ས་ལས་ ཆུ་བཏོན་ཡོདཔ་ཨིན་རུང་ ཆུ་དུང་ཚུ་ ཆུང་དྲགས་ནི་དེ་གིས་ གཡུས་ཚན་གྱི་ས་གནས་ གཞོང་སྒར་གྱི་ ཁྱིམ་གུང་༡༤ ཡོད་མི་ལུ་ཡང་ མ་ལང་པར་ཡོད་པའི་ཁར་ འཕྲལ་ཁམས་ཅིག་ཁར་ མི་ཚུ་གིས་ ཆུ་དུང་དེ་ འཕྲལ་འཕྲལ་སྐབས་ར་ མེདཔ་བཏང་ནི་དེ་གིས་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།
ཤིང་གཉེར་གྱི་ཚོགས་པ་ ཨོ་རྒྱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཤིང་གཉེར་གྱི་ ཀྲོང་དང་ གཞོང་སྒར་གཡུས་ཚན་༢ ཡོད་ས་ལས་ ག་ཁྲབ་ལས་བཏོན་མི་ ཆུ་དེ་གིས་ གཞོང་སྒར་ལུ་ཡང་ ལང་མ་ཚུགས་པར་ འཕྲལ་ཁམས་ཅིག་ལས་ གཞོང་སྒར་གྱི་མི་སེར་ཚུ་ཡང་ ཉེ་འདབས་ཀྱི་ ཨུམ་ཆུ་ཅིག་ནང་ ཆུ་བསག་སྟེ་འཐུང་དགོ་ནི་དེ་གིས་ དཀའ་ངལ་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ག་ཁྲབ་ཀྱི་ཆུ་རྐ་ལུ་ མི་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ གནོདཔ་བཀལ་མི་ལུ་བརྟེན་ ཆུ་མེདཔ་ལས་ གཡུས་ཚན་གྱིས་ ཧེ་མའི་ཆུ་རྐ་ བཀང་ལེན་ལས་ བཏོན་ཡོདཔ་ཨིན་རུང་ ཆུ་དེ་ ཁམས་ལོག་སི་སི་ཡོད་ནི་དེ་གིས་ འཐུང་མ་བཏུབ་ལས་ ཨུམ་ཆུ་ལས་ དབོག་འཐུང་དོ་ཟེར་ཨིན་རུང་ ཨུམ་ཆུ་དེ་ཡང་ འདམ་རྫབ་ནང་འབད་ནི་དེ་གིས་ མི་ཚུ་གི་ གཟུགས་ཁམས་ལུ་ གནོད་ཉེན་སྦོམ་འདུག་ཟེར་ཨིན་པས།
གཞོང་སྒར་གཡུས་ཚན་ལས་ སྐྱེས་ལོ་༧༢ ལང་མི་ ཨམ་ལས་འཕྲོ་གིས་ སླབ་མིའི་ནང་ མོ་ར་ ལོ་ན་རྒས་ཏེ་འབད་རུང་ འཐུང་ཆུ་ལེགས་ཤོམ་ཅིག་མེདཔ་ལས་ ཐབས་ར་མེད་པར་ ཨུམ་ཆུ་ལས་ དབོག་པར་འགྱོ་དགོ་ནི་དེ་གིས་ འུ་སྡུག་སྟེ་ འབད་ར་མི་ཚུགས་པས་ཟེར་ཨིནམ་ད་ མོ་གིས་ གཡུས་ཚན་དེ་ནང་ ཆུ་གི་ཀ་ལི་༧ ཡོད་མི་ཚུ་ག་ར་ སྐམ་སྟེ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༦༡ ལང་མི་ ཐར་པ་ཚེ་རིང་གིས་ ཁོང་གི་ཆུ་རྐ་དེ་ ལེན་ཐེངས་མང་རབས་ཅིག་ བཅོ་ཁ་རྐྱབ་སྟེ་འབད་རུང་ མི་ངན་ཚུ་གིས་ ལོག་སྟེ་ར་ མེདཔ་བཏང་མི་ལུ་བརྟེན་ འཕྲལ་ཁམས་ཅིག་ལས་ ཆུ་རྐའི་ སྦོ་ལོགས་ཁར་ལས་ ཆུ་དུང་མི་ཊར་དག་པ་ཅིག་ བཏོགས་བཏང་ནུག་ཟེར་ཨིན་པས།
གཡུས་མི་ཚུ་གིས་ ལྟས་ངན་འབད་མི་དེ་ལུ་བལྟཝ་ད་ ཁོང་གི་གཡུས་ཁ་ལས་ ཕོ་སྐྱེས་༡ ལུ་ དོགས་པ་ཆགས་ཏེ་ཡོད་ཟེར་ཨིན་པས།
ཨུ་ར་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་གི་ལྟག་ལུ་ ཆུ་རྐ་ཆུང་སུ་ཅིག་ ཡོདཔ་ཨིན་རུང་ ག་ར་ འདམ་རྫབ་ནང་ འབད་ནི་དེ་གིས་ འཐུང་བཏུབ་མེདཔ་ལས་ ག་ཁྲབ་ལས་ར་ བཏོན་ཡོདཔ་ཨིན་རུང་ ལཱ་འབད་མི་ཚུ་གིས་ ལེགས་ཤོམ་སྦེ་ མ་འབད་ནི་དེ་གིས་ གཡུས་ཚན་གྱི་ ཁྱིམ་གུང་དག་པ་ཅིག་ལུ་ཡང་ ལང་མ་ཚུགས་པར་ ཡོད་ཟེར་ཨིན་པས།
ཁོ་གིས་ གཡུས་ཚན་དེ་གི་དོན་ལུ་ ཆུ་མཛོད་ལི་ཊར་༡༦,༠༠༠ ཤོང་མི་ཅིག་ བཟོ་གནང་པ་ཅིན་ ལང་ཚུགས་ནི་མས་ཟེར་ཨིནམ་ད་ ཨིན་རུང་ ཧེ་མའི་ ལས་འགུལ་ནང་ལཱ་འབད་མི་ཚུ་གིས་ ཆུ་མཛོད་ཀྱི་དོན་ལུ་ཉོ་མི་ རྩི་ས་ཚུ་ཡང་ ལེགས་ཤོམ་སྦེ་ ལག་ལེན་མ་འཐབ་པར་ ལ་ལུ་ཅིག་ ད་ལྟོ་ཡང་ ཆུ་མཛོད་ཀྱི་སྦོ་ལོགས་ཁར་ལས་ཕར་ མེདཔ་ཐལ་ཏེ་འདུག་ཟེར་ཨིན་པས།
རྫོང་ཁག་གིས་ གཡུས་ཚན་དེ་གི་དོན་ལུ་ འཆར་གཞི་༡༡ པའི་ནང་ འཐུང་ཆུ་ཉམས་བཅོས་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment