Pages

ཚོང་ཉོ་དོ་བཟུམ་བཟོ་སྟེ་ ཅ་ལ་འཐུ་འབག་མི་ ལེ་ཤ་ཐོན་དོ་ཡོདཔ།

༉ རྒྱལ་ས་ཐིམ་ཕུ་ལུ་ གོ་ལ་ལེགས་ཤོམ་གྱོན་པའི་ཁར་ བཟོ་བྱ་ཆི་ཆི་འབད་བཟོ་མི་ ན་གཞོན་བུཚ་དང་བུམོ་ཚུ་གིས་ ཚོང་ཁང་ཚུ་ནང་ལས་ ཚོང་ཉོ་དོ་བཟུམ་བཟོ་སྟེ་ ཅ་ལ་འཐུ་འབག་པའི་གནད་དོན་དེ་ ཉིནམ་གཅིག་ལས་ཉིནམ་གཅིག་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།

ཀུན་གསལ་གྱིས་ ས་སྣུམ་བཀྲམ་སྤེལ་ཁང་གི་རྒྱབ་ཁར་ གླ་འཁོར་བཞག་སའི་ གདོང་ཕྱོགས་ལུ་ཚོང་པ་ཨམ་སྲུ་ཅིག་དང་ དྲི་བཀོད་འབད་མི་དང་འཁྲིལཝ་ད་ མོ་གིས་འབད་བ་ཅིན་ ཟླཝ་༡ དེ་ཅིག་གི་ཧེ་མར་ མོ་གི་ཚོང་ཁང་ནང་འོང་མི་ བུམོ་གཉིས་ཀྱིས་ ཅ་ལ་ཚུ་ ལྟ་དོ་བཟུམ་བཟོ་སྟེ་ ལག་པར་འབག་མི་ ལག་བེག་ནང་ བཙུགས་འབགཔ་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་རའི་ རྨགཔ་དང་གཅིག་ཁར་ འགྲུལ་འཕྲིན་ནང་ བློ་སླབ་སྡོད་པའི་བར་ན་ ཨམ་སྲུ་གཅིག་གིས་ སྐྱ་སྨན་ཤེམ་པོ་ ལྟ་སྡོད་པའི་བར་ན་ གཞན་མི་དེ་གིས་ ལེན་ཞིནམ་ལས་ ལག་བེག་ནང་ བཙུགས་སར་མཐོངམ་ལས་ དེ་འཕྲོ་ལས་ ག་ཅི་བཞེས་ནི་སྨོ་ཟེར་ སླབ་ད་ལུ་ ཁོང་གཉིས་ཀྱིས་ ག་ཅི་ཡང་ མི་ཉོ་ཟེར་སླབ་སྟེ་ འཐོན་འགྱོ་ནི་འབད་ཡི་ཟེར་ ཨིན་པས།
དེ་ལས་ མོ་གིས་ ཁྱེད་གཉིས་ཀྱི་ལག་བེག་ནང་ བཙུགས་མི་དེ་ ག་ཅི་སྨོ་ཟེར་ སླབ་ད་ལུ་ བུམོ་གཉིས་ཀྱིས་ ཚོང་ཁ་གཞན་ཁར་ལས་ ཉོ་འབག་འོང་འོངམ་ཨིན་ཟེར་ སླབ་མས་ཟེར་ཨིན་པས།
དེ་འབད་བ་ཅིན་ ཚོང་ཁང་ནང་ དྲི་བར་འགྱོ་གེ་ཟེར་སླབ་ད་ བུམོ་གཉིས་ཆ་ར་ ངོ་ཚ་སྟེ་ སྐྱ་སྨན་ཤེམ་པོ་ཡང་ དེ་ནང་ར་ བཀོག་བཞག་སྟེ་ འགྲུལ་འཕྲིན་ནང་ བློ་སླབ་རྫུས་བཏབ་སྟེ་ ཐོན་ཡར་སོང་ཡི་ཟེར་ཨིནམ་ད་ ཁོང་གཉིས་ལུ་ སྣུམ་འཁོར་ཡང་ བདའ་ནི་འདུག་ཟེར་ ཚོང་པ་ཨམ་སྲུ་དེ་གིས་ སླབ་ཨིན་པས།
ཚོང་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གི་ཚོང་ཁང་ནང་ལས་ དེ་བཟུམ་མའི་ བྱུང་རྐྱེན་དེ་ ཚར་གསུམ་དེ་ཅིག་ བྱུང་ཡི་ཟེར་ཨིན་པས།
ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ ཉེ་འདབས་ལུ་ སྐྱེས་ལོ་༢༧ ལང་མི་ ཚོང་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ཟླཝ་ནང་ ཁོ་གི་ཚོང་ཁང་ནང་ གོ་ལ་བྱ་ཆི་ཆི་སྦེ་གྱོན་མི་ བུཚ་སྡེ་ཚན་ཅིག་ འོང་ཞིནམ་ལས་ ཇིན་དོརམ་བཏོན་གནང་ཟེར་ སླབ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཇིན་དོརམ་བཏོན་བཞག་མི་ཚུ་གིས་ མ་བཏུབ་པར་ ད་རུང་ བཏོན་གནང་ཟེར་ སླབ་མི་ལུ་བརྟེན་ མཛོད་ཁང་ནང་ལས་ དོརམ་བཏོན་པར་འགྱོ་བའི་བར་ན་ འགྲུལ་འཕྲིན་འཐུ་འབག་སྟེ་ གར་སོང་མེད་པར་ བྱོག་ཡར་སོ་ནུག་ཟེར་ ཨིན་པས།
ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནི་གི་ མནོ་བསམ་བཏང་རུང་ ར་ཁུངས་སྒྲིང་སྒྲིང་ཅིག་ མེད་པ་ལུ་བརྟེན་ སྙན་ཞུ་འབད་མ་ཚུགས་ཟེར་ཨིན་པས།
ད་རེས་ནངས་པ་ གོ་ལ་ལེགས་ཤོམ་གྱོན་པའི་ཁར་ བཟོ་བྱ་ཆི་ཆི་འབད་བཟོ་མི་ ན་གཞོན་བུཚ་དང་ བུམོ་ཚུ་གིས་ ཚོང་ཁང་ཚུ་ནང་ལས་ ཨར་རྐུན་འབད་བའི་ གནད་དོན་ལེ་ཤ་ཐོན་མི་ལུ་ལྟཝ་ད་ དྲན་པ་བཏོན་དགོཔ་འདུག་ཟེར་ སྐྱེས་ལོ་༢༧ ལང་མི་ ཚོང་པ་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment