Pages

འབྲུག་གི་གསུང་སྐད་འགྲན་བསྡུར་གྱི་ གསོལ་རས་མ་ཐོབ་པར་ཡོདཔ།

ཨང་དང་པ་དང་༢ པ་ཐོན་མི་ གཉིས་ཆ་ར་གིས་ གསོལ་རས་སྣུམ་འཁོར་མ་ཐོབ་པར་ཡོདཔ་ལས་ ཚོགས་རྒྱན་གྱི་ཐོག་ལས་ རྒྱབ་སྐྱོར་འབད་མི་ཚུ་གིས་ དྲི་བཀོད་འབདཝ་ཨིན་པས།

༉ འབྲུག་གི་གསུང་སྐད་འགྲན་བསྡུར་ ཐེངས་༣ པ་དེ་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༡ ལུ་ མཇུག་བསྡུ་ཡོདཔ་ཨིན་རུང་ འགྲན་བསྡུར་ནང་ལས་ ཨང་དང་པ་དང་༢ པ་ཐོན་མི་ མི་ངོམ་༢ ད་ལྟོའི་བར་ན་ཡང་ གསོལ་རས་མ་ཐོབ་པར་ཡོདཔ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ དབུགས་འགམ་སྟེ་ ཡོདཔ་ཨིན་པས།

དེ་བསྒང་ གསོལ་རས་དེ་ཡང་ ཨང་དང་པ་ཐོན་མི་ལུ་ སྣུམ་འཁོར་ཀཱར་ སུ་ཡིཕཊི་ ཌི་ཟ་ཡེར་དང་ ཨང་༢ པ་ཐོན་མི་ལུ་ ཨཱལ་ཊོ་ཀཱར་ བྱིན་ནི་ཟེར་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
རྒྱབ་སྐྱོར་འབད་མི་དང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ གསོལ་རས་མ་ཐོབ་པའི་སྐོར་ལས་ ཧ་གོ་ཡོདཔ་ལས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ བརྒྱུད་འཕྲིན་བཏང་ཐོག་ལས་ དྲི་དཔྱད་འབད་དོ་ཡོདཔ་ཨིན་པས།
ཨང་དང་པ་ཐོན་མི་ རྡོ་རྗེ་དབང་ཕྱུག་ལུ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་མི་དང་ ཚོགས་རྒྱན་བཙུག་ནིའི་དོན་ལུ་ དངུལ་རྐྱང་བྱིན་མི་ཅིག་གིས་ སླབ་མིའི་ནང་ རྡོ་རྗེ་དབང་ཕྱུག་ལུ་ སྐད་ཀྱི་སྤུས་ཚད་ལེགས་ཤོམ་ཡོད་ནི་དེ་གིས་ རྒྱལ་ཁ་ཐོབ་བཅུག་ཟེར་ ཚོགས་རྒྱན་བཙུགས་བཙུགསཔ་མ་གཏོགས་ ལས་རིམ་འགོ་འདྲེན་འཐབ་མི་དང་ འབྲེལ་གཏོགས་འབད་མི་ཚུ་ ཏི་རུ་བཟོ་བཅུག་ནིའི་དོན་ལུ་དམིགས་ཏེ་མེན་ཟེར་ཨིན་པས།
ཁོ་གི་ གནས་ཚང་གིས་འབད་རུང་ རྡོ་རྗེ་དབང་ཕྱུག་གི་ སྐད་ལུ་དགའ་ནི་དེ་གིས་ ཚོགས་རྒྱན་འབོར་ཆེ་ཏོག་ཏོ་སྦེ་ བཙུགས་ཅི་ཟེར་ཨིནམ་ད་ དེ་བཟུམ་མའི་ གནས་སྟངས་ལུ་བལྟཝ་ད་ ཤུལ་ལས་ ལས་རིམ་འགོ་འདྲེན་འཐབ་མིའི་ ཚོང་ལམ་ལུ་ཡང་ གནོད་ཉེན་ཡོདཔ་ལས་ མནོ་བསམ་ལེགས་ཤོམ་གཏང་དགོཔ་འདུག་ཟེར་ཨིན་པས།
ཨང་༢ པ་ཐོན་མི་ ཚེ་རིང་བཀྲིས་ལུ་ རྒྱབ་སྐྱོར་འབད་མི་ཅིག་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ལས་རིམ་འགོ་འདྲེན་འཐབ་མི་ དངོས་གྲུབ་རྡོ་རྗེ་དང་གཅིག་ཁར་ འགྲུལ་འཕྲིན་ཐོག་ལས་ གསོལ་རས་ཀྱི་སྐོར་ལས་ འབྲེལ་བ་འཐབ་ད་ ཚོང་འབྲེལ་འགོ་དཔོན་དང་གཅིག་ཁར་ འབྲེལ་བ་འཐབ་ནི་མ་གཏོགས་ ཁོ་གིས་ ག་ནི་ཡང་མི་ཤེས་ཟེར་ སླབ་མས་ཟེར་ཨིན་པས།
གཞན་འབད་བ་ཅིན་ གསོལ་རས་ཚུ་ འགོ་འདྲེན་འཐབ་མི་གིས་ བྱིན་ནི་མ་གཏོགས་ ཚོང་འབྲེལ་འགོ་དཔོན་དང་ འབྲེལ་བ་འཐབ་དགོཔ་ཅིག་ མིན་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
ལྷུན་རྩེ་ལུ་ འབྲུག་གི་དངུལ་ཁང་ནང་ ལཱ་འབད་མི་ རྡོ་རྗེ་དབང་ཕྱུག་དང་ ད་རེས་ ཐིམ་ཕུ་ལུ་ཡོད་མི་ ཚེ་རིང་བཀྲིས་༢ ལུ་ ཀུན་གསལ་གྱིས་ འབྲེལ་བ་འཐབ་པའི་སྐབས་ མ་གཞི་ གསོལ་རས་ཀྱི་ཐད་ཁར་ ད་ལྟོ་ཡང་ མ་ཐོབ་པར་ ལུས་ཡོད་མི་དེ་ ངེས་བདེན་ཨིན་ཟེར་ཨིན་པས།
ཁོང་གིས་ འགོ་འདྲེན་པ་ དངོས་གྲུབ་རྡོ་རྗེ་ལུ་ འབྲེལ་བ་འཐབ་པའི་སྐབས་ གསོལ་རས་སྣུམ་འཁོར་ཚུ་ འཕྲལ་མགྱོགས་ར་ བྱིན་ནི་གི་ ཁ་བཟེད་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ སླབ་ཨིན་པས།
ཁོང་༢ ཀྱིས་འབད་བ་ཅིན་ གསོལ་རས་ཚུ་ ཡུན་མ་རིང་པར་ ཐོབ་ཚུགས་པའི་ རེ་བ་ཡོདཔ་མ་གཏོགས་ བྱ་སྟབས་མ་བདེཝ་ སྦོམ་མེད་ཟེར་ སླབ་ཨིན་པས།
ཨིན་རུང་ ཨང་༣ པ་ཐོན་མི་ ཕུན་ཚོགས་དབང་མོ་གིས་ སྣུམ་འཁོར་བཱ་ཡེག་༡ དང་ ཨང་༤ པ་དང་༥ པ་ཐོན་མི་ ལྷབ་ཅུ་དང་ ཀུན་ལེགས་དཔལ་འབྱོར་གྱིས་ གསོལ་རས་ རྐང་འཁོར་སའི་ཀཱལ་ དེ་ལས་ ཨང་༦ པ་ཐོན་མི་ལུ་ཡང་ གློག་རིག་ལེབ་ཊཱོབ་དང་གཅིག་ཁར་ དངུལ་རྐྱང་གི་ གསོལ་རས་ཚུ་ བྱིན་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ལས་རིམ་འགོ་འདྲེན་པ་ དངོས་གྲུབ་རྡོ་རྗེ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་རུང་ འབྲེལ་བ་འཐབ་མ་ཚུགསཔ་ད་ འབྲུག་གི་གསུང་སྐད་འགྲན་བསྡུར་དེ་ ན་ཧིང་ སྤྱི་ཟླ་༩ པའི་ནང་ལས་ འགོ་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment