![]() |
ལམ་སྲོལ་ལྟ་སྐོར་ནང་འོང་མི་ ལྟ་བཤལཔ་ཚུ། |
དེ་ཡང་ ལྟ་བཤལཔ་ཚུ་ ནུབ་ཕྱོགས་རྫོང་ཁག་ སྤ་རོ་ ཐིམ་ཕུ་ དབང་འདུས་ཕོ་བྲང་ དེ་ལས་ བུམ་ཐང་ཚུ་ནང་ ཞག་གྲངས་མང་སུ་སྡོད་དོ་ཡོད་པའི་ སྙན་ཞུའི་གསལ་སྟོན་ཚུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ གསལ་སྟོན་འབདཝ་ཨིན་པས།
ལྟ་བཤལ་ཡོངས་བསྡོམས་༣༦,༤༣༢ འོང་མིའི་གྲས་ལས་ ཞག་གྲངས་༨༨,༢༥༧ དེ་ཅིག་ སྤ་རོའི་མགྱོན་ཁྱིམ་ཚུ་ནང་ སྡོད་དོ་ཡོདཔ་ད་ ཐིམ་ཕུ་ལུ་འོང་མི་༣༥,༢༨༢ ལས་ ཞག་གྲངས་༦༥,༦༢༧ སྡོད་དོ་ཡོདཔ་བཞིན་དུ་ ན་ཧིང་ ཞག་གྲངས་ཡོངས་བསྡོམས་ལས་ བརྒྱ་ཆ་༣༡.༨༨ སྤ་རོ་ལུ་དང་ བརྒྱ་ཆ་༢༣.༧༡ ཐིམ་ཕུ་ལུ་ སྡོད་ཡོདཔ་ཨིན་པས།
ཞག་གྲངས་ཟེར་མི་དེ་ཡང་ ཉལ་ཁྲི་ལག་ལེན་གྱི་ ཞག་གྲངས་ཡོངས་བསྡོམས་ དཔེར་ན་ རྫོང་ཁག་ཅིག་ནང་ ལྟ་བཤལཔ་༣ འོང་མི་གིས་ ཉལ་ཁྲི་རེ་ལེན་ཏེ་ ཞག་༡ སྡོད་པ་ཅིན་ ཉལ་ཁྲིའི་ཞག་གྲངས་༣ གྱི་རྩིས་དང་ གལ་སྲིད་ ལྟ་བཤལཔ་ ༣ གྱིས་ ཞག་༢ སྡོད་པ་ཅིན་ ཞག་གྲངས་༦ སྦེ་ བརྩིཝ་ཨིན་པས།
ཨང་༣ པའི་ནང་ དབང་འདུས་ཕོ་བྲང་ལུ་ ལྟ་བཤལཔ་ཡོངས་བསྡོམས་༢༨,༣༡༩ འོང་མི་གིས་ ཞག་གྲངས་༤༣,༨༠༣ གྱི་རྩིས་སྡོད་ཡོདཔ་ད་ བརྒྱ་ཆ་ལས་འབད་བ་ཅིན་ ཞག་གྲངས་བརྒྱ་ཆ་༡༥.༨༢ དབང་འདུས་ཀྱི་ མགྱོན་ཁྱིམ་ཚུ་ནང་སྡོད་ནུག་ཟེར་ཨིན་པས།
སྤུ་ན་ཁ་ལུ་ ལྟ་བཤལཔ་༡༢,༠༢༣ འོང་བའི་ཁར་ བུམ་ཐང་ལུ་༡༡,༣༦༢ འོང་ཡོདཔ་ཨིན་རུང་ ཞག་སྡོད་མི་དེ་ སྤུ་ན་ཁ་དང་ཕྱདཔ་ད་བུམ་ཐང་ལུ་ ཡོངས་བསྡོམས་༢༩,༣༥༧ སྡོད་ཡོདཔ་ཨིན་པས།
བུམ་ཐང་ལུ་ ཉལ་ཁྲིའི་ཞག་གྲངས་ཡོངས་བསྡོམས་ལས་ བརྒྱ་ཆ་༡༠.༦༠ དང་ སྤུ་ན་ཁ་ལུ་བརྒྱ་ཆ་༦.༧༥ ལས་མེདཔ་ཨིན་པས།
ཚོགས་སྡེའི་སྙན་ཞུ་དང་འཁྲིལ་བ་ཅིན་ ལྟ་བཤལཔ་ཚུ་གིས་ཞག་སྡོད་པའི་ སྡོད་གནས་ཀྱི་གནས་སྟངས་དེ་ སྤྱི་ལོ་༢༠༡༠དང་ དབྱེ་བ་མེདཔ་སྦེ་ཡོད་རུང་ བཀྲིས་བསྒང་དང་ བསམ་གྲུབ་ལྗོངས་མཁར་ལུ་འབད་བ་ཅིན་ བརྒྱ་ཆ་༡.༨༡ ཡོད་མི་གིས་ འདས་པའི་ལོ་དག་པ་ཅིག་དང་ཕྱདཔ་ད་ ཡར་སེང་སོང་ཡོད་པའི་ གསལ་སྟོན་བྱུང་ཡི་ཟེར་ཨིན་པས།
བཀྲིས་བསྒང་རྫོང་ཁག་ནང་ ལྟ་བཤལ་ལུ་འོང་མི་༢,༨༧༥ གིས་ ཞག་གྲངས་༤,༩༩༩ སྡོད་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་ལུ་འབད་བ་ཅིན་ ལྟ་བཤལཔ་༢,༡༠༩ འོང་མི་གིས་ ཞག་གྲངས་༢,༢༥༡ སྡོད་ནུག་ཟེར་ཨིན་པས།
དེ་ཡང་ ཚོགས་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ལས་ ལྟ་བཤལ་པའི་འཛུལ་སྒོ་གསརཔ་སྒོ་ཕྱེ་བའི་ཁར་ མེ་རག་དང་སག་སྟེང་གི་ ལ་བཤལ་སྒོ་འབྱེད་འབད་དེ་ ལྟ་བཤལཔ་༡༣༨ དེ་ཅིག་ ལ་བཤལ་ལུ་འོང་མི་ལུ་བརྟེན་ ཡར་སེང་གནས་སྟངས་ཀྱི་ གཞི་གནས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
ན་ཧིང་གི་ལོ་ལུ་ བསམ་རྩེ་རྫོང་ཁག་ནང་ ལྟ་བཤལཔ་འགོ་དང་པ་ལྷོད་པའི་ གནས་ཐོ་འཁོད་ཡོདཔ་ལས་ འབྲུག་གི་རྫོང་ཁག་༢༠ ཆ་མཉམ་ནང་ ལྟ་བཤལཔ་ཚུ་ལྷོད་ཡོད་པའི་ གསལ་སྟོན་བྱུང་ཡོད་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment