Pages
▼
རྩི་སའི་གོང་ཚད་ ཕྱི་ནང་གཉིས་ཆ་རའི་ནང་ ཡར་སེང་རྐྱབ་ཡོདཔ།
ལྷག་པ་ སྤྱི་ཟླ་༤ ཚེས་༡༠། ༉ འཕྲལ་ཁམས་ཅིག་ཁར་ རྩི་ས་ཕྱིར་ཚོང་གི་ གོང་ཚད་ཚུ་ ཡར་སེང་འབད་མི་དང་འཁྲིལ་ རྒྱལ་ཁབ་ནང་འཁོད་ལུ་ ཚོང་འབྲེལ་འཐབ་ནི་གི་ གོང་ཚད་ཚུ་ཡང་ ཁ་ཙ་ལས་འགོ་བཟུང་ བསྒྱུར་བཅོས་འབད་ཡི་ཟེར་ བསམ་རྩེ་སྒོམ་ཀྲུ་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་ཡང་ དབང་འཛིན་གྱིས་ སྤྱི་ཟླ་༤ པའི་ཚེས་༦ ལུ་ རྒྱ་གར་ལུ་བཙོང་མི་ བཟོ་གྲྭ་འཕྲུལ་ཁང་གི་ རྩི་སའི་གོང་ཚད་ མེ་ཊིག་ཊཱན་རེ་ལུ་ དངུལ་ཀྲམ་༣༠༠ དེ་ཅིག་ ཡར་སེང་རྐྱབ་ཡོདཔ་མ་ཚད་ ནང་འཁོད་ལུ་བཙོང་མིའི་ གོང་ཚད་དེ་ ཕུན་ཚོགས་གླིང་དང་ སྒོད་ཀྲུ་ལུ་ རྩི་ས་མེ་ཊིག་ཊཱན་རེ་ལུ་ དངུལ་ཀྲམ་༡༥༩ རེ་དང་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་གྱི་དོན་ལུ་ དངུལ་ཀྲམ་༡༠༠ རེ་ ཡར་སེང་རྐྱབ་ནུག།
གོང་ཚད་ཡར་སེང་མ་རྐྱབ་པའི་ཧེ་མར་ འབྲུག་གི་མཙོང་ཁྲལ་བརྒྱ་ཆ་༥ མ་བརྩིས་བར་ རྩི་ས་ཕད་ཙེ་རེ་ལུ་ དངུལ་ཀྲམ་༤,༦༥༠ རེ་ གནས་མི་དེ་ ད་ལས་ཕར་ དངུལ་ཀྲམ་༤,༨༠༠ དེ་ཅིག་ལུ་ ཡར་སེང་སོང་ཡོདཔ་ད་ མེ་ཊིག་ཏཱན་༡ ལུ་ རྩི་ས་ཀེ་ཇི་༥༠ རེ་འབད་མི་ ཕད་ཙེ་༢༠ ཡོདཔ་ཨིན་པས།
རྩི་ས་བཟོ་སྐྲུན་འབད་མི་ ལས་སྡེ་གིས་འབད་བ་ཅིན་ རྩི་སའི་གོང་ཚད་ ཡང་སེང་རྐྱབ་མི་དེ་ཡང་ དུས་ཚོད་འ་ནེམ་ཅིག་ཁར་ བཟོ་སྐྲུན་གྱི་ ལཱ་མངམ་ཐོནམ་ད་ རྩི་སའི་མཁོ་འདོད་ཡང་སེང་འགྱོ་མི་ལུ་བརྟེན་ཨིནམ་ད་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་འོག་མ་ འཇིགས་མེད་སེངྒེ་གིས་ གོང་ཚད་ཡར་སེང་རྐྱབ་མི་དེ་ དུས་ཚོད་དང་འཁྲིལ་ཨིནམ་ལས་ དུས་རྒྱུན་གྱི་ ལག་ལེན་ཅིག་ཨིན་ཟེར་ སླབ་ཨིན་པས།
ནང་འཁོད་ཀྱི་ གོང་ཚད་ཡར་སེང་རྐྱབ་མི་དེ་གིས་ འབྲུག་མི་ཚོང་མགྲོན་པ་ཚུ་ལུ་ ཐོ་སྦོམ་སྦེ་ མི་ཕོག་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤད་མི་དེ་ཡང་ འབྲུག་མི་ཚུ་གིས་ རྩི་ས་བེ་ཊིག་ཊཱན་༡༠༠ ལས་ལྷག་སྟེ་ ཉོ་འབག་ནི་མེད་མི་ལུ་བརྟེན་ཨིན་པས།
དེ་འབདཝ་ད་ རྒྱ་གར་གྱི་ ཚོང་སྡེ་ཚུ་གིས་ ཟླཝ་ཅིག་ནང་ རྩི་ས་དམའ་ཤོས་ར་ མེ་ཊིག་ཊཱན་༣,༠༠༠ དེ་ཅིག་ ཉོ་འདྲེན་འབད་དོ་ཡོདཔ་ཨིན་པས།
གོང་ཚད་ཡང་སེང་མ་རྐྱབ་པའི་ཧེ་མར་ རྩི་ས་མཁོ་མངགས་འབད་དེ་ གོང་ཚད་རྙིངམ་གུ་ སྔོན་བྱིན་སྤྲོད་ཚར་མི་ཚུ་གིས་ ད་རེས་ རྩིས་བཱིལ་དེ་ བསྒྱུར་བཅོས་འབད་མི་ གོང་ཚད་གུ་ སྤྲོད་དགོཔ་ཨིན་པས།
མ་གཞི་ རྩི་ས་ཚོང་འབྲེལ་ངོ་ཚབ་ཚུ་གིས་ རྩི་ས་ཚུ་ གོང་ཚད་ཡར་སེང་རྐྱབ་མི་གུ་ བཙོང་ནི་ཨིནམ་ལས་ ཁོང་ལུ་ གནོད་པ་མི་འབྱུང་ནི་ཨིན་རུང་ རྩི་ས་ཉོ་མི་ཚུ་ལུ་ དུམ་གྲ་རེ་ བྱེམ་ཕོག་ནི་གི་ འོས་འབབ་ཡོདཔ་ད་ འབྲུག་རྒྱལ་ཁབ་ནང་ རྩི་སའི་ཚོང་འབྲེལ་ངོ་ཚབ་༩༦ དེ་ཅིག་ཡོདཔ་ཨིན་པས།
དཔལ་ལྡན་རྩི་ས་དབང་འཛིན་གྱིས་ སྤྱི་ལོ་༡༩༨༢ ལུ་ ཉིནམ་རེ་ལུ་ རྩི་ས་མེ་ཊིག་ཊཱན་༣༠༠ རེ་ ཐོན་སྐྱེད་འབད་ནི་ འགོ་བཙུགས་པའི་ཤུལ་ལུ་ ཐོན་སྐྱེད་མེ་ཊིག་ཊཱན་༨༠༠ དང་ སྤྱི་ལོ་༢༠༠༠ སྔ་ཆ་ལུ་ མེ་ཊིག་ཊཱན་༡,༥༠༠ ལུ་ ཡར་སེང་འབད་ཡོད་པའི་གནས་ཚུལ།
No comments:
Post a Comment