Pages
▼
རྒྱལ་ཁབ་ནང་ ཆང་འཐུང་མིའི་ཚད་གཞི་ མཐོ་དྲགས་སྦེ་ར་ཡོདཔ།
ཉི་མ་དབང་འདུས།
ཉི་མ་ སྤྱི་ཟླ་༤ ཚེས་༧། ༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ འགོ་འདྲེན་འཐབ་མི་ འབྲུག་ལུ་ ཆང་ལག་ལེན་དང་ ལོག་སྤྱོད་ཞིབ་འཇུག་གི་ སྙན་ཞུ་དང་འཁྲིལཝ་ད་ བཀྲིས་སྒང་རྫོང་ཁག་ནང་ གཡུས་ཆང་ཨ་རག་དང་ བསམ་རྩེ་ལུ་ སྦང་ཆང་ ཐིམ་ཕུ་ལུ་ ཆང་བི་ཡར་ དེ་ལས་ ཆུ་ཁ་རྫོང་ཁག་ནང་ ཆང་བཟོ་འཕྲུལ་ཁང་ནང་ལས་ཐོན་མི་ ཆང་རིགས་འཐུང་མིའི་ ཚད་གཞི་མཐོ་ཤོས་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༠༧ ལུ་ ཞིབ་འཇུག་འབད་མི་ གནད་སྡུད་ཨིནམ་ད་ དེ་བསྒང་ བཀྲིས་སྒང་ལུ་ ཨ་རག་ལི་ཊར་ས་ཡ་༠.༦ ལྷགཔ་ཅིག་དང་ བསམ་རྩེ་ལུ་ སྦང་ཆང་ལི་ཊར་ས་ཡ་༠.༨ དེ་ཅིག་ འཐུང་ཡོད་པའི་ ངོས་འཛིན་བྱུང་ནུག།
ཐིམ་ཕུ་རྫོང་ཁག་ནང་ བི་ཡར་ལི་ཊར་ས་ཡ་༠.༣ མ་ལངམ་ཅིག་དང་ ཆུ་ཁ་ལུ་ འཕྲུལ་ཁང་གི་ ཆང་རིགས་ལི་ཊར་ས་ཡ་༠.༠༥ དེ་ཅིག་ འཐུང་ཡོདཔ་བཞིན་དུ་ འབྲུག་མི་ཚུ་གིས་ ཆང་རིགས་ཚུ་གི་གྲས་ལས་ མང་ཤོས་ར་ སྦང་ཆང་དང་ ཨ་རག་ དེ་ལས་ ཆང་བི་ཡར་ཚུ་ འཐུང་དོ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཕོ་སྐྱེས་བརྒྱ་ཆ་༡༨.༡ དང་ ཨམ་སྲུ་བརྒྱ་ཆ་༡༡.༧ གྱིས་ ཆང་འཐུང་དོ་ཡོད་མི་དེ་ཡང་ མང་ཤོས་ར་ ནུབ་མོའི་སྤྲོ་སྟོན་ཁང་དང་ སྒྲ་དབྱངས་ཁང་ཚུ་ནང་ འགྱོ་མི་ཚུ་གིས་ འཐུང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༠ ལས་འགོ་བཙུགས་ བེ་ལེག་མ་འུན་ཊེན་ཆང་དེ་ རྒྱ་ཆེ་དྲགས་སྦེ་ འཐུང་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༠༩ ལས་ རོག་བཱི་དེ་ ཤུགས་ཆེ་ཡོདཔ་ད་ སྤྱི་ལོ་༢༠༠༡ ལུ་ བེ་ལེག་མ་འུན་ཊེན་ ལི་ཊར་ས་ཡ་༢.༠ ལྷགཔ་ཅིག་ འཐུང་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༠ ལུ་ ལི་ཊར་ས་ཡ་༡.༣ དེ་ཅིག་ལུ་ མར་བབས་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༠ ལུ་ རོག་བཱི་སྤྱོད་ཚད་དེ་ ལི་ཊར་ས་ཡ་༡.༦ དེ་ཅིག་ལུ་ ཡར་སེང་སོང་ཡོདཔ་བཞིན་དུ་ སོ་ཕི་མ་གཏོགས་ ཆང་རིགས་གཞན་སྤྱོད་ཚད་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
དེ་ལུ་བརྟེན་ རྒྱལ་ཁབ་ནང་ ཆང་བི་ཡར་གྱི་ ཚོང་འབྲེལ་དང་ ནང་འདྲེན་གྱི་ ཚད་གཞི་ཡང་ ཡར་སེང་སོང་ཡོདཔ་བཞིན་དུ་ དེ་ཚུ་གི་གྲས་ལས་ མཐོ་ཤོས་དེ་ སྤྱི་ལོ་༢༠༡༠ ལུ་ ལི་ཊར་ས་ཡ་༡༠ དེ་ཅིག་ ནང་འདྲེན་འབད་ཡོདཔ་ད་ ནང་འཁོད་ལས་ ཐོན་སྐྱེད་འབད་བའི་ བི་ཡར་ལི་ཊར་ས་ཡ་༢༠.༥ དེ་ཅིག་ བཙོང་ཡོདཔ་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ ཞིབ་འཚོལ་པ་ ལྷམ་རྡོ་རྗེ་གིས་འབད་བ་ཅིན་ གོང་འཕེལ་སོང་ཡོད་པའི་ རྒྱལ་ཁབ་ཚུ་ནང་ བི་ཡར་འཐུང་མིའི་ གྱངས་ཁ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ མར་འབབ་འགྱོ་དོ་ཡོདཔ་ཨིན་རུང་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་ནང་ ཆང་གི་རིགས་གཞན་ཚུ་གི་ཚབ་ལུ་ བི་ཡར་ཚུ་ འཐུངམ་མས་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་འཁོད་ནང་ སྤྱི་ལོ་༢༠༠༥ ལས་༢༠༠༩ གི་བར་ན་ ཆང་ལུ་བརྟེན་པའི་ ནད་གཞི་ཐོབ་མི་ཚུ་ལུ་ སྨན་བཅོས་ཀྱི་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦༤ གནས་ཡོདཔ་ལས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༡༣ དེ་ཅིག་གནས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཆང་ལུ་བརྟེན་པའི་ མཆིན་ནད་ཐོབ་མི་ཚུ་གི་དོན་ལུ་ ཟད་འགྲོ་གནས་མི་དེ་ མཐོ་ཤོས་༢ པ་ཨིནམ་ད་ སྨན་ཁང་ནང་ མ་སྡོད་མི་ མཆིན་ནད་ཀྱི་ ནདཔ་རྐྱངམ་གཅིག་གི་དོན་ལུ་ ལོ་༥ གི་རིང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༠.༧༢ གནས་ཡོདཔ་མ་ཚད་ ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
མཆིན་ནད་དེ་ ཡུན་རིངམོ་སྦེ་ ཆང་འཐུངམ་ད་ ཐོབ་དོ་ཡོདཔ་ད་ སྤྱི་ལོ་༢༠༠༣ ལུ་ ནདཔ་༩༣༧ ལུ་ མཆིན་ནད་ཐོབ་མི་ལས་ སྤྱི་ལོ་༢༠༠༩ ལུ་༡,༦༠༢ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་རྐྱངམ་གཅིག་ནང་ར་ ལོ་༥ གི་རིང་ མཆིན་ནདཔ་ལུ་བརྟེན་ ནགཔ་༡༨༥ ལུ་ ཤི་རྐྱེན་བྱུང་ཡོད་པའི་གནས་ཚུལ།
No comments:
Post a Comment