གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྲུལ་སྐུ་རྫུས་མ་ཅིག་ འཛིན་བཟུང་འབད་ཡོདཔ།


ཡེ་ཤེས་སྒྲོལ་མ།

ཉི་མ་ སྤྱི་ཟླ་༤ ཚེས་༧། ༉ ཆུ་ཁ་རྫོང་ཁག་ རྩི་མ་གཤམ་གྱི་ ཁྲིམས་སྲུང་འགག་པ་གིས་ སྤྲུལ་སྐུ་རྫུས་མ་ཅིག་ ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༡༨ ལང་མི་ སྤྲུལ་སྐུ་རྫུས་མ་དེ་གིས་ ཁོ་ སྤྲུལ་སྐུ་བསྟན་འཛིན་འབྲུག་གྲགས་ཀྱི་ ཡང་སྲིད་ཨིན་ཟེར་སླབ་སྟེ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་དང་ ཆུ་ཁ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་དང་ སློབ་དཔོན་ཚུ་ མགུ་སྐོར་རྐྱབ་ཡོདཔ་ཨིན་པས།


ཆུ་ཁ་རྫོང་བདག་གིས་ རྫོང་ཁག་སྲོལ་འཛིན་འགོ་དཔོན་ལུ་ ཞིབ་དཔྱད་འབད་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ ཕོ་སྐྱེས་དེ་ བསྟན་འཛིན་འབྲུག་གྲགས་ཀྱི་ སྤྲུལ་སྐུ་ངོ་མ་ཨིན་ན་མེན་ནའི་ དབྱེ་ཞིབ་འབདཝ་ད་ སྤ་རོ་ གསང་སྔགས་ཆོས་འཁོར་ལུ་ ཤེས་ཡོན་སྦྱང་སྟེ་ སྡོདཔ་ཨིན་ཟེར་སླབ་ནུག།
དེ་ལས་ རྫོང་བདག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དོགས་ཅན་དེ་གིས་ ཁོ་ར་ སྤྲུལ་སྐུ་ཨིན་ཟེར་ སླབ་ཡོདཔ་མ་ཚད་ སྤྱི་ཟླ་༣ པའི་ཚེས་༢༨ ལུ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ རྫོང་སློབ་ཅིག་ལུ་ སློབ་ཕྲུག་ཚུ་དང་ཕྱད་ཞིནམ་ལས་ ཕམ་ལུ་གུས་བཀུར་ཞུ་ནི་དང་ སྨྱོ་རྫས་ཀྱི་སྐོར་ལས་ བསླབ་བྱ་བྱིན་ནི་སྦེ་ སླབ་ནུག་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭའི་ མདོ་ཆེན་གྱི་ ངག་བརྗོད་དང་འཁྲིལཝ་ད་ སྤྲུལ་སྐུ་རྫུས་མ་དེ་གིས་ ནང་པའི་ཆོས་ཀྱི་གསལ་བཤད་ཚུ་ མ་བཏུབ་བཏུབ་སྦེ་ འབད་མི་ལུ་བརྟེན་ སྤྲུལ་སྐུ་རྫུས་མ་ཨིན་པའི་ དོགས་པ་ར་ མ་ཆགས་ཟེར་ཨིན་པས།
སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ སྤྲུལ་སྐུ་བསྟན་འཛིན་འབྲུག་གྲགས་དེ་ ཧེ་མ་ མ་མཇལ་ནི་དེ་གིས་ སྤྲུལ་སྐུ་ངོ་མ་ཨིན་པའི་སྣང་བ་མ་གཏོགས་ རྫུས་མ་ཨིན་ཟེར་ མ་མནོཝ་ལས་ དབང་ཡང་ཞུ་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ ཁོ་རའི་ ཕྱག་ཞུ་མི་ཚུ་ གཅིག་ཁར་ལྷོད་མ་ཚུགས་མི་དེ་ཡང་ དལ་ཁོམས་མེད་པར་ ལུས་སོ་ཡི་ཟེར་ ཤོབ་རྐྱབ་ནུག་ཟེར་ ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༣༠ ལུ་ དོགས་པ་ཅན་དེ་གིས་ ཆུ་ཁ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ རིམ་གྲོ་འབད་ཡོདཔ་མ་ཚད་ བཛྲ་གུ་རུའི་ལུང་ཡང་ གནང་ནི་ཟེར་ སླབ་ཡོདཔ་ད་ དེ་བསྒང་ ཁོ་གི་ཕྱག་ཞུ་མི་ཚུ་ བོང་མགོ་རྒེད་འོག་ནང་ ལཱ་ཁག་ཆེ་ཏོག་ཏོ་ཐོན་ཏེ་ ཡར་སོ་ཡི་ཟེར་ ཤོབ་རྐྱབ་ནུག་ཟེར་ཨིན་པས།
ཁོ་གིས་ ཉིནམ་༡ གི་རིང་ རིམ་གྲོ་འབད་བའི་ཤུལ་ལུ་ སློབ་དབུ་འཛིན་གྱིས་ སྤྲུལ་སྐུ་བྱོན་པའི་སྐོར་ལས་ རྫོང་བདག་ལུ་ བརྡ་སླབ་ཡོདཔ་བཞིན་དུ་ རྫོང་བདག་གིས་ སྤྲུལ་སྐུ་མཇལ་བར་ཨིན་ཟེར་ འོང་ཡོདཔ་ཨིན་པས།
དེ་འབདཝ་ད་ ཆུ་ཁ་རྫོང་བདག་གིས་ སྤྲུལ་སྐུ་བསྟན་འཛིན་འབྲུག་གྲགས་དེ་ ཧེ་མ་ལས་ མཇལ་ནི་དེ་གིས་ མ་འདྲཝ་སྦེ་ མཐོང་ཡོདཔ་ཨིན་པས།
དེ་ཚེ་ཡང་ རྫོང་བདག་གིས་ སྲོལ་འཛིན་འགོ་དཔོན་ལུ་ དབྱེ་ཞིབ་འབད་དགོཔ་སྦེ་ སླབ་མི་ལུ་བརྟེན་ བདའ་ཟུན་ཚུགས་ཅི་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ ཕོ་སྐྱེས་དེ་ལུ་ དྲི་དཔྱད་འབད་བའི་སྐབས་ སྤྲུལ་སྐུ་རྫུས་མ་བཟོ་སྟེ་ དེ་བཟུམ་མའི་ ལཱ་འབད་དགོ་མི་དེ་ གཙོ་བོ་ར་ ཏི་རུ་བཟོ་ཐབས་ལུ་ཨིན་ཟེར་སླབ་ནུག།
ཕོ་སྐྱེས་དེ་ལུ་ ཆུ་ཁ་སློབ་གྲྭ་གིས་ དངུལ་ཀྲམ་༢,༠༠༠ དང་ དགེ་འདུ་མཐོ་རིམ་སློབ་གྲྭ་གིས་ དངུལ་ཀྲམ་༥,༠༠༠ བྱིན་ཡོདཔ་ཨིན་པས།
དོགས་པ་ཅན་དེ་ ཧཱ་རྫོང་ཁག་ སྦྱིས་རྒེད་འོག་ལས་ ཨིན་པའི་ངོས་འཛིན་བྱུང་ཡོདཔ་ད་ ལོ་༤ གི་ཧེ་མར་ ཕོ་སྐྱེས་དེ་ ལྷ་ཁང་དཀར་པོའི་ དགེ་སློང་ཨིན་པས།
དེ་གི་ཤུལ་ལས་ ཐིམ་ཕུ་ལུ་ ཞབས་ཁྲ་འཐེན་ཁང་ཅིག་ནང་ ལཱ་འབད་ཡོདཔ་ལས་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་དང་ སྨྱོ་རྫས་ཀྱི་སྐོར་ལས་ ཤེས་མི་དེ་ཡང་ གནད་དོན་འདི་ལུ་བརྟེན་ཏེ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དགེ་བགྲེས་ཁོ་རའི་ ཕམ་ཚུ་ལུ་ཡང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
དགེ་བགྲེས་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ད་ ཁྲིམས་སྲུང་འགག་པའི་ཐོ་བཀོད་ནང་ དེ་བཟུམ་མའི་ གནད་དོན་དེ་ འགོ་དང་པ་ ཨིན་པའི་གནས་ཚུལ།

No comments:

Post a Comment