ཁ་ཙ་ ནགས་མེ་བསད་མ་ཚུགསཔ་ལས་ ད་རིས་ དྲོ་པའི་ཆུ་ཚོད་༥ ལས་ མེ་བསད་མི་ཚུ་ མེ་བསད་པར་ ལོག་འགྱོ་ནི་ཨིན་པས།
ཁ་ཙ་ནུབ་མོར་ དབྱངས་ཅན་ཕུག་སློབ་གྲྭའི་ལྟག་ལས་ མེ་འབར་བའི་བསྒང་གི་མཐོང་སྣང་། |
མིག་དམར་ སྤྱི་ཟླ་༤ ཚེས་༩། ༉ ཁ་ཙ་ཉིན་མར་ ཐིམ་ཕུ་དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ལྟག་ལུ་ ནགས་ཚལ་ལུ་ མེ་རྐྱེན་ཤོར་མི་དེ་ གསད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་༢༣ འབག་འགྱོ་མི་ འགག་སྡེའི་སྣུམ་འཁོར་ཊཱག་ཅིག་ ལམ་འོག་ལས་མར་ རྦོབ་རིལ་ཡར་སོཔ་ལས་ སྤེལ་རྒྱབ་༢ ཁ་འཐུམ་མར་ བསད་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པ་གཞན་༡༧ ལུ་ རྨ་སྐྱོན་བྱུང་ནུག།
རྐྱེན་ངན་བྱུངམ་ད་ མཐོང་མི་ཚུ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ཊཱག་དེ་ རི་གུ་ལས་མར་ མགུ་མཇུག་སློགས་ཏེ་ རྦོབ་རིལ་འགྱོཝ་ད་ སྣུམ་འཁོར་ནང་ཡོད་མི་ཚུ་ ཕར་ཚུར་བཏོན་བཀོག་སར་ མཐོང་ཡོདཔ་ད་ རྨ་སྐྱོན་བྱུང་མི་ཚུ་ དེ་འཕྲོ་ལས་ ཐིམ་ཕུ་སྨན་ཁང་ནང་ བསྐྱལ་ཡོདཔ་ལས་ ད་ལྟོ་ ནདཔ་༢ གློ་བུར་ཚམས་ཆེན་ལྟ་རྟོག་ཁང་ནང་ བཞག་ཡོདཔ་མ་ཚད་ ནདཔ་གཞན་ཚུ་ སྤྱིར་བཏང་ནད་ཁང་ནང་ ལྟ་རྟོག་ཐོག་ལུ་ བཞག་ཡོདཔ་ཨིན་པས།
སྣུམ་འཁོར་དེ་ རྦོབ་རིལ་བའི་སྐབས་ རྒྱབ་ཁར་སྡོད་མི་ ཁྲིམས་སྲུང་དམག་མི་༢ དང་ གདོང་ཁར་སྡོད་མི་ དེད་གཡོགཔ་བརྩིས་ཏེ་ མི་༣ འབདཝ་ད་ མི་གྲངས་༥ གིས་ ས་ཁར་མཆོངས་ཐོག་ལས་ ཉེན་སྐྱོབ་འབད་ཚུགས་ནུག།
ནགས་ཚལ་གཙོ་འཛིན་འགོ་དཔོན་ ཕན་ཏོ་ཚེ་རིང་གིས་ སླབ་མིའི་ནང་ ཉིན་མའི་ཆུ་ཚོད་༡.༣༠ དེ་ཅིག་ཁར་ ནགས་མེ་ཤོར་མི་དེ་ གསད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་༥༠ ལྷགཔ་ཅིག་དང་ བསྟན་སྲུང་དམག་མི་༧༠ ལྷགཔ་ཅིག་ ས་ཁོངས་ནང་ ལྷོད་པའི་ཤུལ་ལས་ ད་རུང་ བདེ་སྲུང་དང་ ཁས་བླངས་པ་༡༨༠ ལྷགཔ་ཅིག་དང་ མེ་བསད་སྣུམ་འཁོར་༤ ལྷོད་ཡོདཔ་ཨིན་རུང་ ལམ་ལེགས་ཤོམ་མེད་པའི་གུ་ ནགས་མེ་འབར་སར་ བདའ་མ་ཟུནམ་ལས་ མེ་བསད་སྣུམ་འཁོར་ཚུ་ ལག་ལེན་འཐབ་མ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ དེ་བསྒང་ རླུང་མ་ཤུགས་སྦེ་ འཕུ་ནི་དེ་གིས་ མེ་བསད་མ་ཚུགས་པའི་ཁར་ གནམ་སྲོ་མི་ལུ་མརྟེན་ མེ་བསད་མི་ཚུ་ ཁྱིམ་ནང་བཏང་དགོཔ་ བྱུང་ཡི་ཟེར་ ནགས་ཚལ་འགོ་དཔོན་གྱིས་ བཤད་པའི་ཁར་ ད་རིས་དྲོ་པ་ཆུ་ཚོད་༥ ལུ་ མེ་བསད་མི་ཚུ་ ལོག་འཛོམས་ཐོག་ལས་ མེ་གསད་ནི་འགོ་བཙུག་འོང་ཟེར་ སླབ་ཨིན་པས།
མེ་བསད་མི་ཚུ་གིས་ སྣུམ་འཁོར་རྦོབ་རིལ་ས་ལུ་ སྲོག་སྐྱབས་འབད་བའི་བསྒང་། |
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་བྱུང་ས་ གཡུས་དང་ སོ་ནམ་ཞིང་པ་ དེ་ལས་ ཤིང་ཐོག་ལྡུམ་ར་ཚུ་ ག་ནི་ཡང་མེདཔ་ལས་ ཨ་ལུ་བཀྲ་མ་ཤིསཔ་ཚུ་ མེ་རྩེདམོ་རྩེཝ་ད་དང་ ཡང་ཅིན་ ཏམ་ཁུ་འཐུང་མི་ཚུ་གིས་ ཏམ་ཁུའི་འཚིགས་རོ་ཚུ་ བཀོག་བཞག་མི་ལུ་བརྟེན་ ནགས་མེ་ཤོར་ཡོདཔ་བཟུམ་ཅིག་འདུག་ཟེར་ཨིན་པས།
མེ་རྐྱེན་བྱུང་པའི་སྐབས་ ལ་ལུ་ཅིག་གིས་ ས་ཁོངས་དེ་ནང་ མི་༣ ཕར་ཚུར་རྒྱུག་འགྱོ་སར་ མཐོང་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ ནགས་མེ་ཟུན་ས་ལས་ དོགས་པ་ཅན་༣ འཛིན་བཟུང་འབད་ཡོད་རུང་ ཁོང་གིས་ རྫུན་ཁ་བཟེད་མ་བཏུབ་ལས་ ཞིབ་དཔྱད་འཕྲོ་མཐུད་དེ་ར་ འབད་དོ་ཟེར་ སླབ་ཨིན་པས།
སྣུམ་འཁོར་གྱི་ རྐྱེན་ངན་བྱུང་པའི་ཤུལ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ས་ཁོངས་དེ་ནང་ བྱོན་གནང་ཡོདཔ་མ་ཚད་ སྨན་ཁང་ནང་ཡང་ རྨ་སྐྱོན་བྱུང་མི་ཚུ་གཟིགས་པར་ བྱོན་གནང་ཡོད་པའི་གནས་ཚུལ།
No comments:
Post a Comment