གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་ལུ་ སྨན་བཅོས་དང་བསླབ་བྱ་བྱིན་ཡོདཔ།

ཌོག་ཊར་གྱིས་ བརྟག་དཔྱད་འབད་བའི་བསྒང་།
བཀྲིས་ཕུན་ཚོགས།

ཉི་མ་ སྤྱི་ཟླ་༤ ཚེས་༧། ༉ ད་རིས་ འཛམ་གླིང་གསོ་བའི་ཉིནམ་བརྩི་སྲུང་གི་དོན་ལུ་ ཁ་ཙ་ ཐིམ་ཕུ་རྒྱལ་ས་ལྟེ་བའི་ ཆུ་ཚོད་འཁོར་ལོའི་ས་ཁོངས་ནང་སྦེ་ གསོ་བའི་ལས་ཁུངས་ཀྱིས་ འགོ་ཐོག་ མི་རྒན་རྒས་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་གི་ གཟུགས་སྟོབས་སྒྲིང་སྒྲིང་བཞག་ནིའི་དོན་ལུ་ སྨན་བཅོས་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཐིམ་ཕུ་དང་ དབང་འདུས་ དེ་ལས་ སྤུ་ན་ཁ་རྫོང་ཁག་ཚུ་ནང་ལས་ མི་རྒན་རྒས་༤༠༠ ལྷགཔ་ཅིག་གིས་ སྨན་བཅོས་འབད་བར་འཛོམས་ཡོདཔ་ཨིན་པས།


མི་རྒན་རྒས་ཚུ་གི་དོན་ལུ་ སྨན་བཅོས་ལས་རིམ་དེ་ནང་ དོན་ཚན་ཁག་༦ འབད་ཕྱེ་སྟེ་ དང་པ་ར་ དྲི་བཀོད་ལས་རིམ་ལས་འགོ་བཙུགས་ ཁྲག་ཤུགས་ གཟུགས་ཀྱི་རིང་ཐུང་དང་འཁྲིལ་བའི་ ལྗིད་ཚད་ གཟུགས་ཁམས་འཕྲོད་བསྟེན་ དེ་ལས་ སོ་གི་བརྟག་དཔྱད་ཚུ་འབད་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་ ལས་རིམ་གཙོ་འཛིན་འགོ་དཔོན་ངག་དབང་གིས་ སླབ་མིའི་ནང་ དམིགས་བསལ་གྱི་ལས་རིམ་འགོ་འདྲེན་འཐབ་དགོ་མིའི་དམིགས་ཡུལ་གཙོ་བོ་དེ་ གསོ་བའི་མཐུན་རྐྱེན་འཐོབ་མ་ཚུགས་མི་ རྒན་རྒས་ཚུ་གི་དོན་ལུ་ཨིན་ཟེར་ཨིན་པས།
ལས་རིམ་གྱི་གྲས་ལས་ གཙོ་རིམ་ཅིག་ གསོ་བའི་བསླབ་བྱ་བརྡ་སྤྲོད་འབད་ནི་དེ་ཨིན་མི་དེ་ཡང་ དུས་རྒྱུན་གསོ་བའི་བསླབ་བྱ་དེ་གིས་ སེམས་ནད་དང་ཀླད་ནད་ཚུ་ལས་བཀག་ཐབས་འབད་ཚུགསཔ་བཟོ་ནི་དང་ མི་རྒས་ཤོས་ཚུ་ སྤུན་ཆ་དང་ཨ་ལུ་ དེ་ལས་ མི་སྡེ་ཚུ་ལས་ བརྩེ་བ་དང་བྱམས་སྐྱོང་ དེ་ལས་ གཅེས་སྐྱོང་དང་གུས་ཞབས་ རྒྱབ་སྐྱོར་ཚུ་ག་དེ་དྲག་དྲག་དགོ་པའི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་འབད་ཡོདཔ་ཨིན་པས།
རང་གི་གཟུགས་སྟོབས་སྒྲིང་སྒྲིང་འབད་བཞག་ནི་དང་ མི་ཚེ་རིངམོ་སྦེ་སྡོད་ནི་ སེམས་ཁམས་ལུ་ ནད་གཞི་མི་འཁོར་ནི་ཚུ་ག་ར་ བཞེས་སྒོ་དུས་ཚོད་ཁར་བཟའ་ནི་ ལུས་བདག་འཛིན་འཐབ་སྟེ་ སྨན་བཅོས་ཚུ་གི་སྐོར་གསལ་བཤད་འབད་ཡོདཔ་ཨིན་པས།
གཟུགས་ཁ་ལུ་ཡོད་མི་དང་ ཡན་ལག་སྐྱོན་ཞུགས་མི་ ཕྱི་ནང་གསང་གསུམ་ལུ་ ནད་གཞི་ཡོད་མི་ཚུ་སྨན་བཅོས་འབད་ཐངས་སྐོར་ལས་ ཇ་པཱན་རྒྱལ་ཁབ་ལས་ གསོ་བའི་མཁས་མཆོག་ཌོག་ཊར་༦ གིས་ བསླབ་བྱ་ཚུ་བྱིན་ཡོདཔ་ཨིན་པས།
དབང་འདུས་རྫོང་ཁག་ རུ་ཁུ་སྦྱིས་ལས་ སྐྱེས་ལོ་༨༥ ལང་མི་ ཨ་རྒས་ཀུན་བཟང་གིས་ འབད་བ་ཅིན་ འདས་པའི་ལོ་༣ གྱི་ཧེ་མར་ ཁོ་རང་གཟུགས་ཁམས་བདེ་ཏོག་ཏོ་འབད་སྡོད་མ་ཚུགས་པར་ དཀའ་ངལ་བྱུང་ཡོདཔ་ལས་ ད་རེས་ཀྱི་ལས་རིམ་འགོ་འདྲེན་འཐབ་མི་དེ་གིས་ ཕན་ཐོགས་སྦོམ་ར་བྱུང་ཡི་ཟེར་ཨིན་པས།
འགོ་དཔོན་ལ་ལུ་གིས་ འབད་བ་ཅིན་ ད་རེས་ཀྱི་ལས་རིམ་ནང་ མི་གྲངས་ག་དེམ་ཅིག་གིས་ འབྲེལ་གཏོགས་འབད་ཡོདཔ་ཨིན་ན་ སྤྱི་ཟླ་༥ པའི་ཟླ་མཇུག་ལུ་ཤེས་ཚུགས་ནི་ཨིནམ་ལས་ བརྟག་ཞིབ་ཀྱི་ གྲུབ་འབྲས་དང་འཁྲིལ་ སྨན་བཅོས་ཚུ་འབད་བར་གཏང་འོང་ཟེར་ ཨིན་པས།
ལས་རིམ་གྱི་འགོ་དཔོན་ཚུ་གིས་འབད་བ་ཅིན་  ཁ་ཙ་གི་ ལས་རིམ་ནང་ གསོ་བའི་ལྷན་ཁག་ལས་ རྒྱབ་སྐྱོར་མ་དངུལ་ཡུ་ཨེསི་ཌོ་ལར་༡༠,༠༠༠ ཡོདཔ་ད་ འཛམ་གླིང་གསོ་བའི་ཉིནམ་བརྩི་སྲུང་ནང་ འཛམ་གླིང་གསོ་བའི་ལས་ཚོགས་ལས་ རྒྱབ་སྐྱོར་མ་དངུལ་ཡུ་ཨེསི་ཌོ་ལར་༥༠༠༠ གནང་ཡི་ཟེར་བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment