Pages

འཐབ་འཛིང་ལུ་བརྟེན་ འཛིན་བཟུང་འབད་མི་ སློབ་ཕྲུག་༢ ལོག་བཏང་ཡོདཔ།

༉ བུམ་ཐང་རྫོང་ཁག་ནང་ འབྲིང་རིམ་སློབ་གྲྭ་བར་མ་ཅིག་གི་ སློབ་ཕྲུག་ཅིག་ལུ་ བརྡུང་རྫོབ་འབད་བའི་ འབྲེལ་གནད་ལུ་བརྟེན་སློབ་གྲྭ་དེ་གི་ སློབ་ཕྲུག་གཉིས་ ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ ཉིནམ་༢ བཞག་པའི་ཤུལ་ལས་ ཕམ་ཚུ་བློ་སླབ་སྟེ་ ནང་འགྲིགས་འབད་ཐོག་ལས་ ཁ་ཙ་ ཕྱི་རུ་ཁམས་ཅིག་ཁར་ སློབ་གྲྭ་ནང་ ལོག་བཏང་ནུག།

བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༣ ལུ་ སློབ་གྲྭའི་གསོ་བའི་དོ་དམ་པ་ཨིན་མི་ སློབ་རིམ་༡༠ པའི་ སློབ་ཕྲུག་དེ་གིས་ དྲོ་པ་ཨ་རྟག་ར་ སློབ་ཕྲུག་ཚུ་ དྲོ་མཛར་བཟའ་བར་ མ་འོང་མི་ཚུ་ ཞིབ་དཔྱད་འབད་བར་ འགྱོ་བའི་སྐབས་ སློབ་ཕྲུག་སྡེ་ཚན་ཅིག་ ན་རྫུས་བཏབ་སྡོད་སར་མཐོང་སྟེ་ སློབ་གྲྭའི་དབུ་འཛིན་ལུ་ སྙན་ཞུ་འབད་ཡོདཔ་ལས་ དེ་གི་དྲོ་པར་ རྒྱལ་པོའི་བརྟན་བཞུགས་ཕུལ་ནིའི་དོན་ལུ་ སློབ་ཕྲུག་ཚུ་འཛོམས་སར་ དབུ་འཛིན་གྱིས་ དེ་གི་སྐོར་ལས་ མིང་མ་བཏོན་པར་ གསལ་བསྒྲགས་འབད་བའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ དེ་ཚེ་ཉིན་མ་ལྟོའི་ དུས་ཚོད་ནང་ ན་རྫུས་བཏབ་སྡོད་མི་ སློབ་ཕྲུག་སྡེ་ཚན་གྱི་གྲས་ལས་ སློབ་རིམ་༩ པའི་སློབ་ཕྲུག་བུཚ་དེ་གིས་ གསོ་བའི་དོ་དམ་པ་ལུ་ ཁོང་དྲོ་མཛར་བཟའ་བར་ མ་འོང་མིའི་སྐོར་ལས་ ག་ཅི་སྦེ་ དབུ་འཛིན་ལུ་ སྙན་ཞུ་འབད་དགོཔ་སྨོ་ཟེར་ དྲི་བའི་ཤུལ་ལས་ འཐབ་འཛིང་བྱུང་སྟེ་ གཅིག་གིས་གཅིག་ལུ་ མཛོག་ཕོག་ཕར་ཚུར་བརྗེཝ་ད་ གཉིས་ཆ་ར་ལུ་ གནོད་སྐྱོན་དུམ་གྲ་རེ་ བྱུང་ཡོདཔ་ཨིན་པས།
འཐབ་འཛིང་འབད་བའི་སྐབས་ལུ་ སློབ་ཕྲུག་གཞན་ཅིག་གིས་ བར་ན་ལས་ བཀག་ནི་གི་ དཔའ་བཅམ་མི་དེ་ཡང་ ཉམས་རྒུད་པའི་ཕམ་གྱིས་ ཨ་ལུ་སྡེ་ཚན་བཟོ་ཐོག་ལས་ ཁོ་གི་ བུ་དྲངས་ནུག་ཟེར་ ཁ་ཉེས་བཀལ་ཐོག་ལས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་རིམ་༩ པའི་ སློབ་ཕྲུག་བུཚ་དེ་ཡང་ མཛོག་ཕོག་ཡོདཔ་ལས་ མིག་ཏོ་ནང་ལས་ ཆུ་ཐོན་པའི་ཁར་ ཉམས་རྒུདཔ་དེ་གི་ གདོང་ཚུ་སྦོ་ཡོད་རུང་ རྨ་བཏོན་ཁྲག་བཏོན་སྦོམ་སྦེ་ ག་ནི་ཡང་ མ་བྱུང་པས་ཟེར་ཨིནམ་ད་ སྨན་ཁང་ནང་ བརྟག་དཔྱད་འབད་བའི་སྐབས་ལུ་ཡང་ གནོད་སྐྱོན་ཚབས་ཆེན་མེད་པའི་ ངོས་འཛིན་བྱུང་ནུག།
ཨིན་རུང་ ཉམས་རྒུད་པའི་ ཕམ་གྱིས་ སྡེ་ཚན་གྱི་ འཐབ་འཛིང་ཨིན་པས་ཟེར་སླབ་སྟེ་ ཉོགས་བཤད་བཀོད་མི་ལུ་བརྟེན་ སློབ་ཕྲུག་༢ དོ་དམ་ནང་ བཙུགས་ཅི་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་འབད་བ་ཅིན་ སློབ་རིམ་༩ པའི་ སློབ་ཕྲུག་དེ་ ན་ཧིང་ཡང་ ཆུ་སྨད་འབྲིང་རིམ་སློབ་གྲྭ་བར་མའི་ནང་ སྒྲིག་ཁྲིམས་ལུ་ མ་གནས་པའི་ སྐྱོན་ལུ་བརྟེན་ དཔེ་ཆ་འཕྲོ་མཐུད་དེ་ ལྷབ་མ་ཚུགས་པར་ ལུས་པའི་ཤུལ་ལས་ དུས་ཅི་ དམིགས་བསལ་གྱི་ གྲོས་ཐག་བཅད་ཐོག་ལས་ སློབ་གྲྭ་སོར་བ་ཅིན་ ཁོ་རའི་འབད་བཞག་ ལེགས་བསྒྱུར་མི་འགྱོ་ག་མནོ་སྟེ་ སློབ་གྲྭ་དེ་ནང་ ཤེས་ཡོན་ལྷབ་ནི་གི་ གོ་སྐབས་བྱིན་ཡི་ཟེར་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment