Pages

ཁྲིམས་ལུགས་ལག་ལེན་འཐབ་མི་ཚུ་ལུ་ ཆོག་དང་མ་ཆོག་གི་གོ་བརྡ།

ཨ་ལུ་སྐྱེས་ལོ་༡༢ མན་ཆད་འབད་མི་ཚུ་གིས་ ཁྲིམས་འགལ་གྱི་ ལཱ་ག་ཅི་ར་འབད་རུང་
དོ་དམ་འོག་ལུ་ བཙུག་ནི་དང་ ལག་པར་ལྕགས་རྐྱབ་མ་ཆོགཔ།
ཞལ་འཛོམས་ནང་ འབྲེལ་གཏོགས་འབད་མི་ ཁྲིམས་སྲུང་འགག་པ་དང་ ཁྲིམས་དོན་འགོ་དཔོན་ཚུ།

༉ རྒྱལ་ཁབ་ནང་ ཧེ་མ་དང་ཕྱདཔ་ད་ ཁྲིམས་ཀྱི་མ་ རྩ་ཁྲིམས་ཆེན་མོ་གིས་གཙོས་པའི་ བཅའ་ཁྲིམས་ལེ་ཤ་ཅིག་ གསར་བརྩམས་འབད་ཡོདཔ་མ་ཚད་ བཅའ་ཁྲིམས་རྙིངམ་དང་ ད་ལྟོ་ཡོད་མི་ ཁྲིམས་ཡིག་ཚུ་ཡང་ བསྒྱུར་བཅོས་འབད་ཡོདཔ་ལས་ བཅའ་ཁྲིམས་བསྟར་སྤྱོད་འབད་མི་ཚུ་ལུ་ ཁྲིམས་ཀྱི་གོ་དོན་ཚུ་ སྤྲོད་ཐོག་ལས་ དུས་མཐུན་བཟོ་ནི་དེ་ གལ་ཆེཝ་སྦེ་ ཐོན་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ གཞི་བཙུགས་འབད་དེ་ཡོདཔ་ལས་ དེ་དང་འཁྲིལ་བའི་ ཁྲིམས་ལུགས་ཚུ་གི་སྐོར་ལས་ ཧ་གོ་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ རྩི་རང་གི་དྲང་དཔོན་ བློ་བཟང་རིག་འཛིན་ཡར་རྒྱས་ཀྱིས་ ཁ་ཙ་ ཐིམ་ཕུ་ལུ་ ཉིན་གྲངས་༢ འབད་མི་ ཁྲིམས་སྲུང་འགག་པ་དང་ ཁྲིམས་དོན་འགོ་དཔོན་ཚུ་ལུ་ ཨམ་སྲུ་དང་ ཨ་ལུ་ཚུ་གི་དོན་ལུ་ ཁྲིམས་མཐུན་བྱ་སྒོ་ཚུ་ འཇམ་ཏོང་ཏོ་བཟོ་ནི་གི་ སྦྱོང་བརྡར་འགོ་བཙུགསཔ་ད་ གསལ་བཤད་འབད་ཡི།
ཁོ་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་སྡེ་དང་ དྲང་ཁྲིམས་ལྷན་སྡེ་ དེ་ལས་ ཁྲིམས་ལུགས་ལག་ལེན་འཐབ་མི་ ལས་སྡེ་ཚུ་ནང་ ལས་བྱེདཔ་གསརཔ་ ལེ་ཤ་འཛུལ་ཞུགས་འབད་མི་དང་ གནས་ཚུལ་ལས་ཁང་ གསརཔ་ལེ་ཤ་ཅིག་ གཞི་བཙུགས་འབད་ཡོད་མི་ཚུ་ལུ་ ཁྲིམས་ལུགས་ཀྱི་ གོ་དོན་ཚུ་ དུས་མཐུན་བཟོ་ནི་དེ་ ཁག་ཆེ་བ་ལུ་བརྟེན་ དེ་བཟུམ་མའི་ སྦྱོང་བརྡར་དེ་ དགོས་མཁོ་ཅན་ཨིན་ཟེར་ཨིན་པས།
ཨ་ལུ་ཚུ་གིས་ ཁྲིམས་འགལ་གྱི་ ལཱ་ཚུ་འབད་བའི་སྐབས་ ཁྲིམས་ལུགས་བསྟར་སྤྱོད་འབད་མི་ཚུ་གིས་ དོ་དམ་འོག་ལུ་ བཙུག་ནི་དེ་ མཐའན་མཇུག་གི་ ཐབས་ལམ་སྦེ་ བཞག་དགོཔ་མ་ཚད་ གལ་སྲིད་ དོ་དམ་འོག་ལུ་ བཞག་དགོཔ་འཐོན་རུང་ ག་དེ་དྲག་དྲག་ དུས་ཡུན་ཐུང་སུ་སྦེ་ བཞག་ནི་ལུ་ ཤུགས་བཏོན་དགོ་ཟེར་ དྲང་དཔོན་བློ་བཟང་རིག་འཛིན་གྱིས་ བཤད་ཅི།
འཛམ་གླིང་སྤྱི་ཚོགས་ཨ་ལུའི་ཤེས་ཡོན་མ་དངུལ་གྱི་ ཨ་ལུའི་ཉེན་སྲུང་མཁས་མཆོག་ ཇུ་ལེཊ་ ཨེ་ཊེན་བོ་རོ་གིས་འབད་བ་ཅིན་ གལ་སྲིད་ ཁྲིམས་འགལ་གྱི་ ལཱ་འབད་མི་ ཨ་ལུ་ཚུ་དང་འབྲེལ་བའི་ ཁྲིམས་དོན་གྱི་ ལཱ་འབད་བའི་སྐབས་ ཨ་ལུ་ ཁོང་རའི་ བསམ་འཆར་ཚུ་ རང་སོའི་བློ་འདོད་ལྟར་ བཀོད་བཅུག་དགོཔ་མ་ཚད་ ལོག་སྤྱོད་ཚུ་ རྩ་ལས་ར་ འབད་ནི་མི་འོང་ཟེར་ཨིནམ་ད་  འཛམ་གླིང་སྤྱི་ཚོགས་ ཨ་ལུའི་དབང་ཆའི་གཞི་རྩ་དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ ཨ་ལུ་ཚུ་ ན་ལོན་གྱི་ བཙོན་ཁང་ཚུ་ནང་ བཞག་པ་ཅིན་ ལོག་སྤྱོད་འབད་ནི་གི་ ཉེན་ཁ་སྦོམ་ཡོད་ཟེར་སླབ་ཅི།
སྦྱོང་བརྡར་གྱི་སྐབས་ དྲང་ཁྲིམས་ལྷན་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཨ་ལུ་སྐྱེས་ལོ་༡༢ མན་ཆད་འབད་མི་ཚུ་གིས་ ཁྲིམས་འགལ་གྱི་ལཱ་ ག་ཅི་ར་འབད་རུང་ དོ་དམ་འོག་ལུ་ བཙུག་ནི་དང་ ལག་པར་ལྕགས་ཚུ་ རྩ་ལས་ར་ རྐྱབ་མ་ཆོགཔ་མ་ཚད་ སྐྱེས་ལོ་༡༢ ལས་༡༨ འབད་མི་ཚུ་ལུ་ཡང་ གནད་དོན་གཞན་སྦོམ་སྦེ་ཡོདན་མ་གཏོགས་ ལག་པར་ལྕགས་རྐྱབ་མི་ཆོག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨ་ལུ་ཚུ་གིས་ ག་ཅི་ཡང་ མ་སླབ་པར་ ཁུ་སིམ་སིམ་སྦེ་ སྡོད་ནི་གི་ དབང་ཆ་ཡོདཔ་ད་ སྒྲུབ་བྱེད་བཏོན་ནི་དང་ ཁྲིམས་འགལ་གྱི་ལཱ་ཚུ་ རྫུན་ཁ་བཟེད་ནི་ལུ་ ཨུ་ཚུགས་བསྐྱེད་མ་ཆོགཔ་ཨིན་པས།
སྐྱེས་ལོ་༡༢ ལས་༡༨ བར་ན་འབད་མི་ ཨ་ལུ་ཚུ་གིས་ ཁྲིམས་འགལ་གྱི་ ལཱ་འབད་བའི་ མངོན་རྟགས་བྱུང་སྟེ་ དོ་དམ་འོག་ལུ་གཏང་དགོཔ་འཐོན་རུང་ ན་ལོན་ལུ་ཕོག་པའི་ བཙོན་ཁྲིམས་ཀྱི་ དུས་ཡུན་ཕྱེད་ཀ་ཅིག་ལས་ བཀལ་ནི་མི་འོང་ནི་དང་ ཉེས་ལས་འབད་མི་ ཨ་ལུ་དེ་ སྐྱེས་ལོ་༡༢ མན་ཆད་འབད་བ་ཅིན་ ཨ་ལུ་དེ་གི་ ཕམ་ཚུ་གིས་ ཁྲིམས་འགལ་གྱི་ལཱ་ལུ་ རྒུད་འཐུས་ཚུ་ བཏབ་དགོཔ་ཨིན་པས།
རྒྱལ་ཁབ་ནང་ ཨ་ལུ་ཚུ་གི་དོན་ལུ་ ཁྲིམས་འདུན་ལོགས་སུ་སྦེ་ གཞི་བཙུགས་འབད་ནི་ཨིནམ་ད་ དེ་ནང་ དྲང་དཔོན་ཡང་ ཨ་ལུའི་སེམས་ཁམས་མཁས་མཆོག་དང་ ཨ་ལུའི་ཕན་བདེ་མཁས་མཆོག་ཚུ་ དགོ་ནི་ཨིནམ་ལས་ ཁྲིམས་འདུན་དེ་གི་དོན་ལུ་ ད་ལྟོ་ཡོད་པའི་ དྲང་དཔོན་ག་ལུ་ཡང་ འོས་འབབ་མེདཔ་ཨིན་པས།
སྦྱོང་བརྡར་དེ་ནང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་དང་ ཁྲིམས་དོན་དབང་འཛིན་ཚུ་ལས་ མི་གྲངས་༤༠ དེ་ཅིག་གིས་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment