Pages

བཙོག་མཛོད་ཁང་གསརཔ་གིས་ ཐིམ་ཕུ་ཁྲོམ་སྡེའི་དཀའ་ངལ་ སེལ་ཚུགས་ནི།

བར་སྦི་སའི་ ས་ཁོངས་ནང་ཡོད་པའི་བཙོག་མཛོད་ཁང་རྙིངམ།
བསྟན་འཛིན་རྣམ་རྒྱལ།

མིག་དམར་ སྤྱི་ཟླ་༤ ཚེས་༩། ༉ ཐིམ་ཕུ་ བར་སྦི་ས་བཙོག་མཛད་ཁང་ནང་ ཉིན་བསྟར་བཞིན་དུ་ བཙོག་ཆུ་ཀིའུ་བིག་མི་ལི་ལི་ཊར་༡,༧༥༠ གི་ཤོང་ཚད་ཡོད་རུང་ དེ་ནང་ ཁྲོམ་སྡེ་ལས་ཐོན་པའི་བཙོག་ཆུ་ཚུ་ བསག་ནིའི་ས་གོ་ལངམ་མེདཔ་ལས་ མུ་ཏིག་ཐང་དང་ ལྕང་སྒང་ཁའི་ས་ཁོངས་ལས་ཐོན་མི་ བཙོག་ཆུ་ཚུ་ དེ་ནང་གཏང་ནི་མེདཔ་ཨིན་པས།


ས་གནས་འདི་ཚུ་ནང་ལས་ཐོན་པའི་བཙོག་ཆུ་ཚུ་ ག་ལྷོད་བཙུགས་སྒྲིག་འབད་ནི་དེ་གིས་ འཕྲལ་འཕྲལ་ར་ཁྲོམ་ཁར་ བཙོག་ཆུ་འཛག་ལུད་འགྱོ་བའི་དཀའ་ངལ་ཐོན་ཏེ་ ས་ཁོངས་ཚུ་ ཁམས་ལོག་སི་སི་འགྱོ་དོ་ཡོདཔ་ཨིན་པས།
འཕྲལ་མགྱོགས་ར་ ཁྲོམ་སྡེའི་དོན་ལུ་ བཙོག་ཆུའི་མཛོད་ཁང་གསརཔ་ཅིག་བཟོ་སྐྲུན་འབད་ནི་ཨིནམ་ལས་ དེ་གིས་ད་ལྟོའི་དཀའ་ངལ་ཚུ་ བསལ་ཚུགས་པའི་རེ་བ་ཡོད་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
བཙོག་མཛོད་ཁང་གསརཔ་དེ་ ད་ལྟོ་ཡོད་པའི་བར་སྦི་སའི་བཙོག་མཛོད་ཁང་གི་འོག་ལུ་ ཨེ་ཤི་ཡེན་གོང་འཕེལ་དངུལ་ཁང་གི་ གྲོགས་རམ་མ་དངུལ་ཐོག་ལས་རྐྱབ་ནི་ཨིནམ་བཞིན་དུ་ བཙོག་མཛོད་ཁང་རྙིངམ་ཚན་ལྔ་འབད་ཡོད་མི་ཚུ་ཡང་ བཙོག་མཛོད་ཁང་གསརཔ་དང་གཅིག་ཁར་བསྡབ་ནི་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་པདྨ་གིས་འབད་བ་ཅིན་ བཙོག་མཛོད་ཁང་གསརཔ་བཟོ་སྐྲུན་འབད་ནིའི་དོན་ལུ་ ཨེ་ཤི་ཡེན་གོང་འཕེལ་དངུལ་ཁང་གིས་ གྲོགས་རམ་མ་དངུལ་ཚུ་བྱིན་ནི་སྦེ་ ཁས་བླངས་འབད་ཡོདཔ་ལས་ འཕྲལ་མགྱོགས་ར་ལས་འགུལ་དེ་ འགོ་བཙུག་ནི་ཟེར་ཨིནམ་ད་ བཙོག་མཛོད་ཁང་གསརཔ་དེ་བསྒྲུབ་ཞིནམ་ལས་ མུ་ཏིག་ཐང་དང་ ལྕང་སྒང་ཁའི་ས་ཁོངས་ལས་ཐོན་པའི་བཙོག་ཆུ་ཚུ་ཡང་ མཉམ་བསྡེབ་འབད་ནི་ཟེར་ ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ས་ལུ་ ལོ་བསྟར་བཞིན་དུ་ མི་རློབས་ཡར་སེང་སོང་མི་ལུ་བརྟེན་ བཙོག་མཛོད་ཁང་གསརཔ་ཅིག་དགོཔ་ ངེས་བདེན་ཡོད་ཟེར་ཨིནམ་ད་ གལ་སྲིད་ དུས་ཚོད་ཀྱི་གནས་སྟངས་དང་བསྟུན་ཏེ་ ལག་ལེན་འཐབ་མ་ཚུགས་པ་ཅིན་ ས་ཁོངས་ཚུ་ནང་ བྱ་སྟབས་མ་བདེཝ་ཐོན་ནིའི་ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
ཁྲོམ་སྡེ་འགོ་དཔོན་ཚུ་གིས་འབད་བ་ཅིན་ བཙོག་མཛོད་ཁང་གསརཔ་དེ་ ད་རེས་ནངས་པའི་རིག་གསར་གྱི་བཟོ་བཀོད་ཐོག་ལས་སྦེ་ ས་ཁོངས་ཆུང་ཀུ་ཅིག་ནང་ར་ ཤོང་ཚུགསཔ་སྦེ་རྐྱབ་ནི་དང་ བཙོག་མཛོད་ཁང་གསརཔ་དེ་ ད་ལྟོའི་བཙོག་མཛོད་ཁང་བཟུམ་སྦེ་མིན་པར་ བཙོག་སྙིགས་ཀྱི་རིགས་ཚུ་ དུས་ཡུན་ཆུང་ཀུ་ཅིག་ནང་ རུལ་བཏུབ་བཟོ་ནི་ཟེར་ཨིན་པས། ལས་འགུལ་དེ་མཇུག་བསྡུ་བའི་ཤུལ་ལུ་ བཙོག་མཛོད་ཁང་རྙིངམ་ཚུ་ སྤྲོ་སྟོན་སའི་ས་ཁོངས་ དཔེར་ན་ ཨ་ལུ་རྩེདམོ་རྩེ་ས་དང་ གྲུ་གཏང་སའི་ ཆུ་རྫིང་ཚུ་བཟོ་ནི་ཟེར་ཨིན་པས།
ད་རེས་ནངས་པར་ ཁྲོམ་སྡེའི་ སྡོད་གནས་སྒྲིང་ཁྱིམ་ཚུ་ནང་ལས་ཐོན་མི་ བཙོག་ཆུ་ཚུ་གིས་ བར་སྦི་སའི་བཙོག་མཛོད་ཁང་ ༥ འི་ནང་ ཤོང་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་བརྟེན་ ཁྲོམ་སྡེ་ལས་འཛིན་ལུ་གདོང་ལེན་སྦོམ་ར་བྱུང་དོ་ཡོདཔ་ཨིན་རུང་ བཙོག་མཛོད་ཁང་གསརཔ་བཟོ་སྐྲུན་འབད་ནི་ཨིན་མི་དེ་ སྤྱི་ལོ་༢༠༡༨ ལུ་བསྒྲུབ་ནི་ཨིནམ་ལས་  ལས་འགུལ་གསརཔ་དེ་བསྒྲུབ་པའི་ཤུལ་ལུ་ དཀའ་ངལ་ཚུ་ བསལ་ཚུགས་ནི་ ཨིན་པའི་གནས་ཚུལ།

No comments:

Post a Comment