Pages

ཨོ་ཆས་འཕྲུལ་ཁང་གིས་ མོ་ནམ་ ཞིང་པ་ཚུ་ལུ་ ཕན་ཐོགས་འབྱུང་ནི།

ཨོ་ཆས་འཕྲུལ་ཁང་གཞི་བཙུགས་འབད་ནིའི་དོན་ལུ་ གདམ་ཁ་རྐྱབ་མི་ ཕྱི་ནང་རིའི་ས་ཁོངས།
༉ བཀྲིས་སྒང་ཁྲོམ་ལས་ ཀི་ལོ་མི་ཊར་༧ གྱི་ས་གནས་ ཕྱི་ནང་རི་ལུ་ ས་ཆ་ཨེ་ཀར་༤.༢ འབད་མི་དེ་ བ་ནོར་ཐོན་སྐྱེད་འཕྲུལ་ཁང་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ གདམ་ཁ་རྐྱབ་ཡོདཔ་ལས་ སྤྱི་ལོ་༢༠༡༥ ལས་ ཨོ་ཆས་ཁང་དེ་གིས་ ཞོ་དང་ ཨོམ་ མར་ དར་ཚུལ་གྱི་ ཐོན་སྐྱེད་ཚུ་བཏོན་ནི་ཨིན་པས།


མ་དངུལ་ས་ཡ་༤༣.༤༨ འབད་མི་ མཉམ་ལས་ཚོང་སྡེའི་ནང་ འབྲུག་རྒྱུ་ནོར་གཞི་བཟུང་ལས་སྡེ་ལུ་ བགོ་བཤའ་བརྒྱ་ཆ་༣༠ དང་ ལྷག་ལུས་བརྒྱ་ཆ་༧༠ དེ་ ཇ་པཱན་གྱི་ ཚོང་སྡེ་ཅིག་ཨིན་མི་ ཤིན་ནི་པཱོན་ སྐྱེ་ལྡན་སྨན་རིགས་བརྟག་དཔྱད་ལས་སྡེ་གིས་ འཆང་ནི་ཨིནམ་ད་ ཨོ་ཆས་ཁང་གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་དེ་ཡང་ རྫོང་ཁག་དེ་ནང་ བ་ནོར་གསོ་སྐྱོང་མཉམ་ལས་ཚོགས་སྡེ་ཚུ་ ཡར་རྒྱས་གཏང་ནི་དང་ བ་ནོར་གྱི་ ཐོན་སྐྱེད་ཚུ་གི་ མ་འོངས་པའི་ མཁོ་འདོད་འགྲུབ་ཐབས་ལུ་ཨིན་པས།
འཕྲུལ་ཁང་དེ་གི་ཐོག་ལས་ ཐོན་སྐྱེད་མ་འདྲཝ་ཚུ་ ཡར་འཕེལ་གཏང་འོང་ཟེར་ བཀང་ལུང་ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བའི་ ལས་རིམ་མདོ་ཆེན་ ཌོག་ཊར་ཚེ་རིང་རྡོ་རྗེ་གིས་ བཤད་པའི་ཁར་ ད་རེས་ནངས་པ་ ཤར་ཕྱོགས་ལུང་ཕྱོགས་ཚུ་ནང་ ཨོམ་བསྐོལ་ཏེ་ རུལ་མ་བཏུབ་བཟོ་ནི་དང་ དམ་སྦྱིས་ནང་འདེགས་ནི་ དེ་ལས་ བསིལ་ཏོང་ཏོ་སྦེ་བཞག་སའི་ མཐུན་རྐྱེན་ཚུ་ མེད་མི་ལུ་བརྟེན་ བ་ནོར་གྱི་ཐོན་སྐྱེད་ ཨོམ་དང་ མར་ དར་ཚིལ་རྐྱངམ་གཅིག་ ཚོང་བསྒྱུར་འཐབ་ཚུགས་པས་ཟེར་ བཤདཔ་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ བསྟན་འཛིན་རྡོ་རྗེ་གིས་འབད་བ་ཅིན་ རྫོང་ཁག་དེ་ནང་ ད་ལྟོ་ ལག་ལེན་ཐོག་ཡོད་མི་ བ་ནོར་གསོ་སྐྱོང་སྡེ་ཚན་༡༦ ཡོད་མི་ཚུ་ འགྲོས་ཀྱིས་བཏང་སྟེ་༣༥ ལུ་ ཡར་སེང་རྐྱབ་ནི་གི་ འཆར་གཞི་ཡོདཔ་ལས་ ཨོ་ཆས་ཁང་གཞི་བཙུགས་འབད་ནི་དེ་ དུས་ཐོག་ལུ་ཨིནམ་ད་ སྤྱི་ལོ་༢༠༠༩ ལུ་ རྫོང་ཁག་གིས་ ཉིན་གྲངས་༢༠༧ གྱི་ནང་ ཨོམ་མེ་ཊིག་ཊཱན་༢༦༦༩.༦ ཐོན་སྐྱེད་འབད་ནུག།
ཨོ་ཆས་ཁང་གསརཔ་ སྒོ་ཕྱེ་ནི་གི་ འཆར་གཞི་ཡོད་མི་དེ་ སོ་ནམ་ཞིང་པ་ཚུ་གི་དོན་ལུ་ གནས་ཚུལ་ལེགས་ཤོམ་ཨིནམ་ད་ ཨོམ་ལས་ མར་དང་དར་ཚིལ་བཏོན་ནི་བ་ ཨོམ་བཙོང་ནི་དེ་ ཁེ་སང་ཆེཝ་ལས་ ཨོ་ཆས་འཕྲུལ་ཁང་དེ་གིས་ ཕན་ཐོགས་འབྱུང་ནི་མས་ཟེར་ ཁབ་སྟོད་སྦི་མཁར་བ་ནོར་གསོ་སྐྱོང་སྡེ་ཚན་གྱི་ཁྲི་འཛིན་ དཀོན་མཆོག་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
སྤམ་བ་ནོར་གསོ་སྐྱོང་མཉམ་ལས་ཚོགས་སྡེའི་ཁྲི་འཛིན་ དོན་གྲུབ་འབྲུག་པ་གིས་ སླབ་མིའི་ནང་ ཨོམ་བསྒྱུར་བཅོས་ཐོག་ མར་དང་ དར་ཚིལ་བཙོང་ནི་བ་ ཨོམ་གསརཔ་སྦེ་ བཙོང་པ་ཅིན་ ཁེ་སང་ཆེ་འོང་ཟེར་ཨིནམ་ད་ ད་རེས་ནངས་པ་ མཉམ་ལས་ཚོགས་སྡེ་གིས་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༢༠༠ དེ་རེ་ ཐོན་སྐྱེད་འབདཝ་ཨིན་རུང་ ཉིནམ་༡ ནང་ ཨོམ་ལི་ཊར་༤༠ ལས་༦༠ གི་བར་ན་མ་གཏོགས་ བཙོང་མི་ཚུགས་དོ་ཡོདཔ་ཨིན་པས།
འགོ་ཐོག་སྐབས་ བར་ན་སྐོརམ་འབད་མི་ ཨོ་ཆས་འཕྲུལ་ཁང་གཞི་བཙུགས་འབད་དེ་ ལོ་ངོ་༢ ཀྱི་རིང་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༣༠༠ དེ་རེ་ ལག་ལེན་འཐབ་ཐོག་ལས་ ཞོ་དང་ མར་ དར་ཚིལ་ཚུ་ལུ་ བསྒྱུར་བཅོས་འབད་ནི་ཨིན་པས།
སྤྱི་ལོ་༢༠༡༥ ལས་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༢,༠༠༠ རེ་ བསྒྱུར་བཅོས་འབད་ནི་ཨིནམ་བཞིན་དུ་ ལོ་རེའི་ནང་ ཞོ་ལི་ཊར་༧༣,༠༠༠ དེ་རེ་ ཐོན་སྐྱེད་འབད་ནི་ཨིན་མི་ཚུ་ ཤར་ཕྱོགས་རྫོང་ཁག་གི་ ཁྲོམ་སྡེ་ཚུ་ནང་ ཚོང་བསྒྱུར་འཐབ་ནི་གི་ དམིགས་གཏད་འབདཝ་ཨིན་པའི་གནས་ཚུལ།

No comments:

Post a Comment