སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སྒོ་ནོར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསྟན་འཛིན་དོན་གྲུབ་ཀྱིས་འབད་བ་ཅིན་ ལས་འགུལ་གྱི་དུས་ཡུན་ ཕར་འགྱངས་འབད་དགོ་མི་དེ་ཡང་ འདས་པའི་ ལས་འགུལ་གནས་ཡུན་གྱི་སྐབས་ རོ་ཁྱིའི་གྱངས་ཁ་ལས་ བརྒྱ་ཆ་༨༠ ལུ་ སྨན་ཁབ་ཁྱབ་ཚུགསཔ་བཟོ་ནིའི་ དམིགས་གཏད་བསྐྱེད་མི་ལས་ བརྒྱ་ཆ་༦༧.༤༥ མ་གཏོགས་ འབད་མ་ཚུགས་མི་ལུ་བརྟེན་ཏེ་ཨིན་པས།
དེ་གི་གྲས་ལས་ རྒྱ་ཆ་༥༢ དེ་ཅིག་གི་རྩིས་ མོ་བཏབ་ལས་འགུལ་གྱི་སྐབས་ སྨན་ཁབ་རྐྱབ་ཡོདཔ་ཨིན་རུང་ འདས་པའི་ལོ་༣ གྱི་རིང་ ལས་འགུལ་གྱིས་ དམིགས་གཏད་བསྐྱེད་མི་དང་འཁྲིལ་ཏེ་ འབད་མ་ཚུགས་མི་དེ་ཡང་ འབྲུག་གི་ སའི་ཆགས་ཚུལ་ལུ་བརྟེན་ཏེ་ཨིན་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ མ་འོངས་ལོ་༣ གྱི་རིང་ རོ་ཁྱི་བརྒྱ་ཆ་༢༠-༢༥ དེ་ཅིག་ལུ་ སྨན་ཁབ་ཚུ་ རྐྱབ་དགོཔ་ཡོདཔ་ད་ ད་རེས་ནངས་པ་ རོ་ཁྱི་ཚུ་ མི་གིས་བཟུང་སྟེ་ སྨན་ཁབ་རྐྱབ་དོ་ཡོདཔ་ཤེས་ནི་དེ་གིས་ ཧེ་མ་དང་ཕྱདཔ་ད་ བཟུང་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།
ཨིན་རུང་ ད་རེས་ཀྱི་གནས་སྟངས་ནང་ ཅ་ཆས་ཚུ་ག་ར་ ས་གནས་ཚུ་ནང་ གཞི་བཙུགས་འབད་ཚར་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ཟད་འགྲོ་ཡང་ ཉུང་སུ་ཅིག་ལས་ མི་འགྱོ་ནི་ཨིན་མི་དང་འཁྲིལ་ ད་རེས་ཀྱི་ ལས་འགུལ་ཐེངས་༢ པའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༢ བཞག་ཡོདཔ་ཨིན་པས།
བསྟན་འཛིན་དོན་གྲུབ་ཀྱིས་འབད་བ་ཅིན་ ཟད་འགྲོ་ཚུ་ཡང་ འདས་པའི་ལས་འགུལ་ནང་བཟུམ་སྦེ་ འབྲུག་དང་ ཨེཆ་ཨེསི་ཨའི་ ལས་སྡེ་༢ ཀྱི་ བརྒྱ་ཆ་༥༠ རེ་འབདཝ་ད་ དངུལ་ཀྲམ་ས་ཡ་༡༡ རེ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ཡང་ གལ་སྲིད་ རྒྱལ་ཁབ་ནང་ རོ་ཁྱིའི་གྱངས་ཁ་ བརྒྱ་ཆ་༧༥ ལུ་ སྨན་ཁབ་རྐྱབ་ཚུགས་པ་ཅིན་ འཆོལ་ནད་དེ་ཡང་ བཀག་ཚུགས་ནི་སྦེ་ བཀོད་དེ་ཡོདཔ་ད་ ད་རེས་ཀྱི་གནས་སྟངས་ནང་འབད་རུང་ རོ་ཁྱིའི་ ཧབ་སྐད་ཚུ་ཡང་ ཉུང་སུ་སོང་ཡོད་པའི་ཁར་ ཕྱུག་གུའི་གྱངས་ཁ་ཚུ་ཡང་ མར་བབས་སོང་ཡོདཔ་སྦེ་ སླབ་ཅི།
ལས་ཁུངས་ཀྱིས་ བསྡུ་སྒྲིག་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ འདས་པའི་ལོ་༣ གྱི་རིང་ ལས་འགུལ་གྱིས་ ཧཱ་དང་ མགར་ས་རྫོང་ཁག་༢ མ་བརྩི་བར་ གཞན་མི་རྫོང་ཁག་ཚུ་ནང་ རོ་ཁྱི་༣༤,༩༢༥ ལུ་ སྨན་ཁབ་ཚུ་ རྐྱབ་ཚར་ཡོདཔ་ད་ དེ་གི་དོན་ལུ་ འབྲུག་གཞུང་དང་ ལས་སྡེ་༢ ཀྱིས་ བརྒྱ་ཆ་༥༠ རེ་འབདཝ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༦ བཏང་ཡོདཔ་ཨིན་པས།
བསྟན་འཛིན་དོན་གྲུབ་ཀྱིས་འབད་བ་ཅིན་ འདས་པའི་ལས་འགུལ་གྱི་སྐབས་ལུ་ གནམ་གཤིས་གནས་སྟངས་ལུ་བརྟེན་ འབད་མ་ཚུགས་པར་ལུས་མི་ ཧཱ་དང་ མགར་ས་རྫོང་ཁག་༢ ཀྱི་ནང་ཡང་ ད་རེས་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ ད་ལྟོ་ སྤུ་ན་ཁ་ལུ་ཡོད་པའི་སྡེ་ཚན་དེ་གིས་ བདུན་ཕྲག་༡ དེ་ཅིག་གི་རྒྱབ་ལས་ མགར་ས་དང་ བསམ་རྩེ་ལུ་ཡོད་མི་ སྡེ་ཚན་དེ་གིས་ བདུན་ཕྲག་༢ དེ་ཅིག་རྒྱབ་ལས་ ཧཱ་ལུ་ འགྱོ་འོང་ཟེར་ཨིན་པས།
དེ་ལས་ སྡེ་ཚན་༡ ད་ལྟོ་ རྩི་རང་ལུ་ཡོདཔ་ད་ དེ་གི་ཤུལ་ལས་ གཙོ་རིམ་དང་ གནས་སྟངས་དང་འཁྲིལ་ཏེ་ སྐོར་ཐེངས་༢ པའི་དོན་ལུ་ གཞན་མི་རྫོང་ཁག་ཚུ་ནང་ གཏང་ནི་ཨིན་ཟེར་ཨིནམ་ད་ སྐོར་ཐེངས་༢ པ་ འགོ་འདྲེན་འཐབ་མི་ རྫོང་ཁག་ཚུ་ནང་ ཧེ་མ་ སྨན་བཅོས་འབད་མི་ རོ་ཁྱི་ཚུ་གི་ རྣམ་ཅོ་ཆུང་ཀུ་རེ་བཏོགས་ཏེ་ ངོ་རྟགས་བཀལ་བཞག་ཡོདཔ་ཨིན་རུང་ ད་རེས་ ལོག་འགོ་འདྲེན་འཐབ་ད་ རོ་ཁྱི་ལེ་ཤ་གི་སྦུག་ལས་ སྨན་བཅོས་མ་འབད་བའི་ རོ་ཁྱི་ཚུ་འཚོལ་ནི་ལུ་ དཀའ་ངལ་བྱུང་འོང་ཟེར་ཨིན་པས།
ལས་འགུལ་དེ་ཡང་ སྒོ་ནོར་ལས་ཁུངས་དང་ རྒྱ་གར་ལུ་ གཞི་བཙུགས་འབད་ཡོད་པའི་ ཨེཆ་ཨེསི་ཨའི་ལས་སྡེ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment