![]() |
མི་དབང་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་མཆོག་ དབང་པོ་ལུ་ ཐོ་ཕོག་མི་ ཨ་ལུ་ཚུ་དང་ལྷན་བཞུགས། |
ཉི་མ་ སྤྱི་ཟླ་༤ ཚེས་༧། ༉ ཁ་ཙ་ མི་དབང་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་མཆོག་གིས་ འབྲུག་ལྕོགས་གྲུབ་ལས་ཚོགས་སྒོ་འབྱེད་གནང་སྟེ་ དབང་པོ་སྒོ་ལྔ་ལུ་ ཐོ་ཕོག་མི་དག་པ་ཅིག་དང་ མཇལ་ཕྲད་མཛད་གནང་ཡི།
དེ་ཡང་ དབང་པོ་ལྕོགས་གྲུབ་མེད་མི་ ཨ་ལུའི་ཕམ་༤༠ འབད་མི་ སྡེ་ཚན་ཅིག་གིས་ ལས་ཚོགས་གཞི་བཙུགས་འབད་དེ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༠ ལུ་ མི་སྡེ་ལས་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ མི་མང་ཕན་བདེ་ལས་འགུལ་ཅིག་ཨིན་མི་ ལས་ཚོགས་དེ་གིས་ དབང་པོ་སྒོ་ལྔ་ལུ་ ཐོ་ཕོག་མི་ ཨ་ལུ་ཚུ་ མི་སྡེའི་ནང་ མི་ཚེ་དོན་དང་ལྡནམ་ སྡོད་ཚུགསཔ་བཟོ་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
འབྲུག་ལྕོགས་གྲུབ་ལས་ཚོགས་ཀྱི་ཁྲི་འཛིན་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབང་པོ་ལྕོགས་གྲུབ་མེད་མི་ ཨ་ལུའི་ཕམ་ཚུ་ལུ་ ཕན་བདེ་ལས་ཚོགས་ཅིག་ གཞི་བཙུགས་འབད་དགོ་པའི་ བཀའ་སློབ་གནང་མི་དང་བསྟུན་ ཕམ་དང་ སྨན་བཅོས་མཁས་མཆོག་ དེ་ལས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་ མཐའ་དོན་ལུ་ བརྩོན་མི་ཚུ་གིས་ ལས་ཚོགས་དེ་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ དབང་པོ་ལུ་ ཐོ་ཕོག་མི་ ཨ་ལུ་ཚུ་གི་ མཐའ་དོན་དང་ སྐྱིད་སྡུག་མཐོང་ཚུགསཔ་བཟོ་ནིའི་དོན་ལས་ འབྲུག་ལྕོགས་གྲུབ་ལས་ཚོགས་ལུ་ སྐུ་དངོས་ཐོག་ རྒྱབ་སྐྱོར་དང་ གྲོགས་རམ་མཛད་ནི་གི་ ཞལ་གྱིས་བཞེས་གནང་ཡི་ཟེར་ཨིན་པས།
ལས་ཚོགས་ཀྱི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ ལས་ཚོགས་དེ་ དང་པ་ར་ ཐིམ་ཕུ་ལུ་ འགོ་བཙུགས་ཞིནམ་ལས་ འགྲོས་ཀྱིས་འབད་ རྫོང་ཁག་༢༠ ནང་ དབང་པོ་ལུ་ ཐོ་ཕོག་མི་ ཨ་ལུ་ཚུ་ལུ་ ཁྱབ་ཚུགསཔ་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པའི་གནས་ཚུལ།
No comments:
Post a Comment