Pages

མུ་ཏིག་ཐང་སློབ་གྲྭའི་ སྒོ་སྒྲིག་༡༦ གི་ཤེལ་ བཅག་དཀྲུམས་འབད་ཡོདཔ།

སྒོ་སྒྲིག་༡༦ གི་ཤེལ་ བཅག་དཀྲུམས་བཏང་མི་ མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་གོང་མ།
 ༢༦/༠༧/༢༠༡༢། ༉ མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་གོང་མའི་ནང་ བུཚ་༡ གིས་ རྡོ་བཀོག་ཐོག་ལས་ སློབ་ཁང་གི་སྒོ་སྒྲིག་༡༦ གི་ ཤེལ་བཅག་དཀྲུམས་འབད་མི་ལུ་བརྟེན་ སློབ་གྲྭའི་བདག་སྐྱོང་དང་ སློབ་ཕྲུག་ཚུ་ ཤེལ་ཚབ་ག་གིས་ བཙུག་འོང་ག་ཟེར་བའི་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ད་རེས་ནངས་པར་ གནམ་བྱཱར་ཆརཔ་རྐྱབ་ནིའི་དུས་ཚོད་ཨིནམ་ལས་བརྟེན་ ཆརཔ་རྐྱབ་པའི་སྐབས་ ཆར་ཤུགས་ཀྱི་སྐད་ཀྱིས་སྦེ་ སློབ་རིམ་༩ པའི་སློབ་ཕྲུག་༩༠༠ དེ་ཅིག་ སློབ་སྦྱོང་འབད་ནི་ལུ་ གནོད་དོ་ཡོདཔ་མ་ཚད་ རླུང་ཆརཔ་རྐྱབ་ད་ ཀི་དེབ་ཚུ་ཡང་མེདཔ་བཏངམ་མས་ཟེར་ཨིན་པས།

སློབ་ཕྲུག་གི་ཕམ་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ སྒོ་སྒྲིག་ཤེལ་དེ་ ག་གིས་ བཅག་དཀྲུམས་འབད་འབདཝ་ཨིན་ན་ བྱ་ངན་འབད་མི་དེ་གིས་ར་ ཤེལ་ཚབ་བཙུགས་དགོཔ་འོང་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་ ནོར་བུ་རྒྱལ་མཚན་གྱིས་སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ ཤེལ་དཀྲུམས་མི་ཚུ་ ག་དེ་སྦེ་འབད་ནི་ཨིན་ན་ཟེར་ དྲི་བའི་སྐབས་ ཁྲིམས་སྲུང་འགག་པ་ཚུ་གིས་ བཀོག་བཏང་ད་ཟེར་སླབ་མས་ཟེར་ཨིན་པས།
སློབ་གྲྭའི་བདག་སྐྱོང་གིས་འབད་བ་ཅིན་ འདི་བཟུམ་གྱི་བྱ་ངན་འབད་མི་ དོགས་པ་ཅན་དེ་ ག་ཨིན་ན་མི་ཤེས་ཟེར་ཨིནམ་ད་ ཀུན་གསལ་གནས་ཚུལ་བསྡུ་ལེན་པ་གིས་ གནད་དོན་འདི་གི་སྐོར་ལས་ ལོ་རྒྱུས་ཚུ་ ཁྲིམས་སྲུང་འགག་པ་ལུ་ དྲི་ཞིབ་འབད་རུང་ ཁོང་གིས་ སླབ་མ་བཏུབ་ཨིན་པས།
སློབ་གྲྭའི་བདག་སྐྱོང་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པའི་སྡེ་ཚན་གྱིས་ བྱ་ངན་འབད་མི་བུཚ་དེ་ སྙན་ཞུ་འབད་བའི་ཉིམ་ལུ་ར་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཙུགས་ཡོདཔ་ལས་བརྟེན་ མི་ངོ་དེ་ག་ཨིན་ན་ སླབ་ནི་གི་ དུས་ཚོད་རན་མཆི་ཡི་ཟེར་ཨིན་པས།
སློབ་གྲྭའི་ལས་བྱེདཔ་ཅིག་གིས་ བཤད་མི་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ཚེས་༢༢ དྲོ་པའི་ཆུ་ཚོད་༥:༣༠ དེ་ཅིག་ཁར་ ཁོ་རའི་ཨ་ལུ་བུཚ་ ལོ་༥ འབད་མི་དེ་ཁྱིད་སྦེ་ སློབ་གྲྭའི་སྦོ་ལོགས་ཁ་ལས་འགྱོ་བའི་སྐབས་ བྱ་ངན་འབད་མི་ དོགས་ཅན་དེ་གིས་ སློབ་གྲྭའི་སྒོ་སྒྲིག་ཤེལ་གུ་ རྡོ་བླུགས་སར་མཐོང་ཅི་ཟེར་ཨིན་པས།
ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་གིས་ བྱ་ངན་འབད་མི་བུཚ་དེ་གི་ ལག་པར་ལྕགས་རྐྱབ་སྟེ་ ཁྱིད་སོང་ཡི་ཟེར་ཨིན་པས།
ལས་བྱེདཔ་དེ་གིས་འབད་བ་ཅིན་ དོགས་པ་ཅན་དེ་གིས་ གཟུགས་ཁར་ དོརམ་དང་ཁེན་འཇར་ དམརཔ་གྱོན་ཏེ་ཡོདཔ་ད་ བུཚ་དེ་ ཆང་འཐུང་འཐུངམ་ཨིན་ན་ ཡང་ཅིན་ སྨྱོ་རྫས་ཟ་ཟཝ་ཨིན་ན་མི་ཤེས་པས་ཟེར་ཨིན་པས།
མ་གཞི་ ཀུན་གསལ་གྱིས་ ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ དོགས་པ་ཅན་དེ་ བློན་པོ་བགྲེསཔ་ཅིག་གི་ བུཚ་ཨིན་པའི་ལོ་རྒྱུས་ཡོདཔ་ཨིན་རུང་ དེ་གི་ཐད་ཁར་ ཁྲིམས་སྲུང་འགག་པ་གིས་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།

No comments:

Post a Comment