Pages

ཚིག་བདུན་བླ་སྒྲུབ་ཀྱི་ཚོགས་འཁོར་དང་ གསོལ་འདེབས་བསགས་གནང་དོ་ཡོདཔ།

༡༧/༡༠/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་དགོངས་རྫོགས་མཆོད་རྟེན་ནང་ ཚིག་བདུན་བླ་སྒྲུབ་ཀྱི་ཚོགས་འཁོར་དང་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ཚུ་ བསགས་ནི་འགོ་བཙུགས་ཡོདཔ་ཨིན་པས།
ཚིག་བདུན་བླ་སྒྲུབ་གསོལ་འདེབས་བསགས་པའི་བསྒང་།


འདི་བཟུམ་གྱི་ཚོགས་འཁོར་བསགས་གནང་ནི་དེ་ འབྲུག་རྒྱབ་ཁབ་ནང་ལུ་ འགོ་དང་པ་ཨིནམ་ད་ ད་ཚུན་གྱི་རིང་ལུ་ འདི་བཟུམ་གྱི་ལས་རིམ་ཚུ་འགོ་འདྲེན་མ་འཐབ་ཟེར་ཨིནམ་ད་ ད་རིས་ལས་འགོ་བཙུགས་ ཉིན་གྲངས་༥ འི་རིང་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ལྷོ་བྲག་མཁར་ཆུ་ལས་ དགེ་སློང་ཞལ་གྲངས་༦༠ དང་ ཤར་ཕྱོགས་ལས་སྒོམ་ཆེན་ཚུ་གིས་ བསགས་གནང་དོ་ཡོདཔ་ཨིན་པས།
འགོ་འདྲེན་པ་ མཁན་པོ་ཀརྨ་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་འགོ་འདྲེན་འཐབ་དགོཔ་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ གཞི་བདེ་དང་ རྒྱལ་བློན་འབངས་གསུམ་ བདེ་སྐྱིད་འབྱུང་ཐབས་ལུ་ཨིནམ་ད་ ལྷག་པར་དུ་ཡང་ ང་བཅས་རའི་རྒྱལ་ཁབ་ནང་ ནད་མུག་འཁྲུག་རྩོད་ཚུ་ བཟློག་ཚུགས་ཐབས་ལུ་ཨིན་ཟེར་ཨིན་པས།
དེ་བཟུམ་བསགས་གནང་ནིའི་དོན་ལུ་ མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལུ་ ཞུ་བ་འབདཝ་བཞིན་དུ་ འགོ་འདྲེན་འཐབ་ཆོག་པའི་གནང་བ་ཚུ་ཡང་ གནང་ཡི་ཟེར་ཨིན་པས།
ཚོགས་འཁོར་བསྐོར་ས་ དད་ཅན་གྱི་མི་སེར་བརྒྱ་ལས་བཅད་མི་ཚུ་གིས་ ཕྱག་འཚལ་ སྐོར་ར་རྐྱབ་ མ་ཎི་བགྱང་པར་འཛོམས་ཡོདཔ་ད་ མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱི་ ལས་རིམ་འགོ་འདྲེན་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ སྐོར་ར་རྐྱབ་པར་འོང་མི་ག་ར་ལུ་ གསོལ་ཇ་དང་ མངར་ཆུའི་རིགས་ཚུ་དྲང་དོ་ཡོདཔ་ད་ མ་གཞི་ ཁོང་གིས་འབད་བ་ཅིན་ གསོལཝ་ཚོགས་ཡང་ དྲང་ནིའི་རེ་བ་བསྐྱེད་དེ་འབད་རུང་ ཐབ་ཚང་གིས་ བྱ་སྟབས་མ་བདེཝ་ཡོད་མི་ལུ་བརྟེན བདེ་ཐབས་མ་བྱུང་ཟེར་ཨིན་པས།
མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ལུ་ རྒྱལ་ཁབ་ཞི་བདེ་གི་དོན་ལུ་ དེ་བཟུམ་བསགས་གནང་དགོཔ་སྦེ་ གསོལཝ་བཏབ་བཞིན་དུ་ རིན་པོ་ཆེ་གིས་ཡང་ ཞལ་གྱི་བཞེསཔ་བཞིན་དུ་ ཚིག་བདུན་བླ་སྒྲུབ་གི་ཚོགས་འཁོར་དང་ ཚིག་བདུན་གསོལ་འདེབས་དེ་ ཉིན་གྲངས་༥ འི་རིང་ བསགས་གནང་ནི་ཨིན་པས།
ཆོས་ཕྱོགས་ལས་རིམ་གྱི་དོན་ལུ་ མ་དངུལ་རྒྱབ་སྐྱོར་ཡང་ གཞི་ཚོགས་ཁོང་ར་གིས་འབད་དོ་ཡོདཔ་མ་ཚད་ མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་དེ་ སྤྱི་ལོ་༢༠༠༩ ལུ་ འཐུས་མི་༢༤ གིས་ གཞི་བཙུགས་འབད་ཡོདཔ་ད་ འཐུས་མི་ཚུ་མང་ཤོས་ར་ སྒེར་སྡེ་དང་གཞུང་གིས་ལས་བྱེདཔ་ཚུ་ ཡོདཔ་ཨིན་པས།
ཉིན་གྲངས་༥ འི་རིང་ བསགས་གནང་ནི་ཨིན་མི་ ཚིག་བདུན་བླ་སྒྲུབ་ཀྱི་ཚོགས་འཁོར་དེ་ དབྱངས་ཅན་ཕུག་གི་རྩེད་ཐང་ནང་སྦེ་ དད་ཅན་མི་མང་ལུ་ ཚེ་དབང་གནང་ཐོག་ལས་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

སངས་རྒྱས་དཔལ་འབྱོར།

No comments:

Post a Comment