Pages

ཇོ་མོ་གཙང་ཁའི་ཁྲོམ་གསརཔ་ འཆར་གཞི་ཤུལ་མའི་ནང་ གོང་འཕེལ་གཏང་ནི།

༢༨/༢/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ ཞབས་ཏོག་ལྷན་ཁག་གི་ འགོ་དཔོན་ཚུ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་ (ཌའི་ཕམ) ལུ་ ལྷོད་ཡོད་མི་དང་བསྟུན་ ས་གནས་ཀྱི་ མི་སེར་ཚུ་ ད་ཚུན་གྱི་བར་ན་ ཡུན་རིངམོ་སྦེ་ བསྒུགས་སྡོད་མི་ ཁོང་གི་ཁྲོམ་དེ་ འཕྲལ་མགྱོགས་ར་ གོང་འཕེལ་གཏང་ནི་མས་ཟེར་བའི་ རེ་བ་བསྐྱར་གསོ་འབད་ཡོདཔ་ཨིན་པས།
ད་ལྟོ་ཡོད་མི་ ཇོ་མོ་གཙང་ཁའི་ཁྲོམ་གྱི་མཐོང་སྣང་།


འགོ་དཔོན་ཚུ་ ས་ཆ་བསྐྱར་འཇལ་འབད་བར་ འོང་ཡོདཔ་ཨིན་པས།
ལོ་ངོ་༥ གི་ཧེ་མར་ཡང་ ས་འཇལ་ཏེ་ ས་ཚན་དབྱེ་ཁག་བཟོ་ཡོད་རུང་ དེ་གི་ཤུལ་ལས་ ས་གནས་འཆར་གཞི་དང་འཁྲིལ་ ལག་ལེན་མ་འཐབ་པར་ ལུས་མི་ལུ་བརྟེན་ ས་ཆའི་ཇོ་བདག་༡༡༥ དེ་ཅིག་ཡོད་མི་ཚུ་གིས་ ཁྱིམ་རྐྱབ་ནི་གི་ རེ་འདོད་ཡོད་རུང་ རྐྱབ་མ་ཚུགས་པས།
ཞབས་ཏོག་ལྷན་ཁག་གི་ བཟོ་རིག་འགོ་དཔོན་དེ་ ས་འཇལ་བའི་ཤུལ་ལུ་ ལོག་སོང་ཡོདཔ་ཨིན་རུང་ ཁྲོམ་གྱི་འཆར་གཞི་གཞི་བཀོད་འབད་བར་ ལོག་འོང་ནི་ཨིན་པས།
སྦ་སྒོར་རྐྱབ་ཡོད་མི་ ད་ལྟོའི་ས་ཁོངས་དེ་ནང་ ཁྲོམ་གསརཔ་གོང་འཕེལ་གཏང་ནིའི་དོན་ལུ་ ས་ཆ་ཨེ་ཀར་༡༦༥ དེ་ཅིག་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཇོ་མོ་གཙང་ཁའི་ཁྲོམ་ཁར་ བཟའ་ཆས་སྣ་ཚོགས་ཚོང་ཁང་དང་ ཆང་ཁང་ཚུ་རྩིས་ཏེ་ ཚོང་ཁང་༣༠ དེ་ཅིག་ འཁོར་ལམ་གྱི་ གཡོན་ཁ་ཐུག་ལུ་ཡོདཔ་ད་ གཡས་ཁ་ཐུག་ལུ་ སྡོད་ཁྱིམ་དག་པ་ཅིག་དང་ འབྲུག་གོང་འཕེལ་དངུལ་ཁང་གི་ཡིག་ཚང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ མཛོད་ཁང་ཡོདཔ་ཨིན་པས།
ཁྲོམ་དེ་ནང་ གཡུར་བ་ལམ་ལུགས་དང་ ནང་འཁོད་ཡོངས་འབྲེལ་འཁོར་ལམ་ཚུ་ ཚུལ་ལྡན་མེད་པའི་ཁར་ ཉེ་བར་མཁོ་བའི་ཞབས་ཏོག་མཐུན་རྐྱེན་ དཔེར་ན་ དངུལ་ཁང་དང་ མར་ཁུ་བཀྲམ་སྤེལ་ཁང་ སྨན་ཁང་ལ་སོགས་པ་ག་ནི་ཡང་མེད་ཟེར་ ས་གནས་ཀྱི་ མི་ཚུ་གིས་ སླབ་ཨིན་པས།
མཐུན་རྐྱེན་དེ་ཚུ་ ཁྲོམ་གསརཔ་གོང་འཕེལ་བཏང་པའི་ཤུལ་ལུ་ མཁོ་སྤྲོད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ དྲུང་ཁག་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཇོ་མོ་གཙང་ཁའི་དྲུང་པ་ ཤེས་རབ་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲོམ་ཚུལ་ལྡན་ཅིག་ ངེས་པར་དུ་ གོང་འཕེལ་གཏང་དགོཔ་ཡོད་ཟེར་ཨིནམ་ད་ ཁྲོམ་གོང་འཕེལ་གྱི་ལཱ་དེ་ འཆར་གཞི་༡༡ པའི་ནང་ འགོ་བཙུགས་འོང་ཟེར་ ཨིན་པས།
ཨིན་རུང་ དྲུང་ཁག་གིས་ སང་ཕོད་འགོ་བཙུགས་ནི་ཨིན་མི་ ཆུ་བྱག་རྐྱབ་ནི་གི་དོན་ལུ་ མ་དངུལ་ས་ཡ་༠.༥༤ གྲོས་འཆར་བཙུགས་ཏེ་ཡོདཔ་མ་ཚད་ ས་མཚམས་བདའ་སྟེ་ གྱང་རྩིག་ཀི་ལོ་མི་ཊར་༡.༥ རྐྱབ་ནིའི་དོན་ལུ་ འཆར་གཞི་ནང་ བཙུགས་ཏེ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment