Pages

བུམ་ཐང་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་གསརཔ།

༢༠/༠༣/༢༠༡༣  ༉ བུམ་ཐང་ཆུ་སྨད་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་གསརཔ་ཐོན་མི་ སྐྱེས་ལོ་༢༧ ལང་མི་ རིན་ཆེན་ཕུན་ཚོགས་ལུ་ དགོ་དང་མི་དགོ་གི་ཚོགས་རྒྱན་བཙུགསཔ་ད་ དགོ་ཟེར་མི་ཚོགས་རྒྱན་༡༨༩ དང་ མིན་དགོ་ཟེར་མི་ཚོགས་རྒྱན་༢༢ ཐོན་མི་ལུ་བརྟེན་ འཐུས་མི་སྦེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
རིན་ཆེན་ཕུན་ཚོགས།
ཁོ་གིས་ འཛོམས་འདུའི་ནང་ལས་ གདམ་ངོ་སྦེ་ བཙག་འཐུ་འབད་ཡོད་རུང་ རྒྱལ་ཡོངས་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཡིག་ཆ་༢ མ་ཚང་པར་ཡོདཔ་ཨིན་པས།
ན་ཧིང་ རྒྱ་གར་ལྷོ་ཕྱོགས་གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་མི་ རིན་ཆེན་ཕུན་ཚོགས་ཀྱིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ལག་ཁྱེར་དང་ ཁྲིམས་ཁང་གི་ ཉོགས་མེད་ལག་ཁྱེར་༢ མེདཔ་ཨིན་པས།
 
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཐོ་རིམ་ཤེས་ཚད་ཀྱི་ལག་ཁྱེར་དེ་ ད་ལྟོ་ མ་ལྷོད་དེ་འབད་རུང་ སྤྱི་ཟླ་༣ པའི་ཚེས་༣༡ གི་ནང་འཁོད་ལུ་དེ་ ལྷོད་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ མ་ནི་དགའ་ལེགས་ཀྱིས་འབད་བ་ཅིན་ གལ་སྲིད་ག་དེམ་ཅིག་སྦེ་ ཡིག་ཆ་ཚུ་ སྤྱི་ཟླ་༣ པའི་ཚེས་༣༡ གི་ ཕྱི་རུའི་ཆུ་ཚོད་༥ གི་ནང་འཁོད་ལུ་ ལྷོད་ནི་མེད་པ་ཅིན་ བཙག་འཐུ་ནང་ གདམ་ངོ་སྦེ་ བཅའ་མར་གཏོགས་མི་ཆོག་ཟེར་ཨིན་པས།
ཁོ་རའི་ ཕམ་སྤུན་ཆ་དང་ ཆ་རོགས་ཚུ་གིས་ སེམས་ཤུགས་བསྐྱེད་བཅུགཔ་ལུ་བརྟེན་ ཁོ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
བཙག་འཐུ་ནང་ བཅའ་མར་གཏོགས་ནི་དེ་ རྒྱལ་ཁ་འཐོབ་ནི་ལུ་ དམིགས་གཏད་བསྐྱེད་ནི་མེན་པར་ མི་སེར་ཚུ་གིས་ ལྕོགས་གྲུབ་ཅན་གྱི་ མི་ངོམ་ གདམ་ཁ་རྐྱབ་ནི་ལུ་ གོ་སྐབས་མངམ་བྱིན་ཐབས་ལུ་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་ལུ་ ལཱ་གི་ཉམས་མྱོང་མེད་ནི་དེ་གིས་ མི་སེར་ཚུ་གིས་ གདམ་འཐུ་འབདཝ་ད་ དུམ་གྲ་ཅིག་ སེམས་གཡང་ཟ་བསྐྱེད་ཡོདཔ་ཨིན་རུང་ མི་སེར་གྱི་ཞབས་ཏོག་འགྲུབ་ཚུགས་པ་ཅིན་ ངལ་རངས་འབྱུང་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༤༣ ལང་མི་ སོ་ནམ་ཞིང་པ་ བྱང་ཆུབ་ཀྱིས་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་ གཞུང་འགོ་དང་པ་ གཞི་བཙུགས་འབད་བའི་སྐབས་ལུ་ཡང་ ཉམས་མྱོང་མེད་མིའི་འཐུས་མི་ཚུ་ ཡོད་ཟེར་ཨིན་པས།
འཛོམས་འདུ་ནང་འོང་མི་ མང་ཤོས་ར་ ཨམ་སྲུ་ཚུ་ཨིནམ་བཞིན་དུ་ ཁོང་གིས་འབད་བ་ཅིན་ རྨགཔ་ཚུ་ ཞིང་ནང་ལཱ་འབད་དེ་ འཛོམས་འདུ་ནང་འོང་ནིའི་ དལ་ཁོམས་མིན་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment