Pages

ཏམ་ཁུ་སྐྱེལ་འདྲེན་འབད་མི་༡ ལུ་ བཙོན་ཁྲིམས་ཡངས་ཆག་མེདཔ།

༢/༣/༢༠༡༣   ༉ སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་ལུ་ བཀག་དམ་ཅན་གྱི་ ཏམ་ཁུའི་རིགས་ ནང་འདྲེན་འབད་མི་ལུ་བརྟེན་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་  བཙོན་ཁྲིམས་ལོ་༣ དང་ཟླཝ་༦ བཀལ་མི་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ གཞི་འཛིན་ཐོག་ རང་འཇགས་སྦེ་ འཁྲུན་ཆོད་གནང་ནུག།


དེ་ཡང་ ལྷུན་རྩེ་བཙན་མཁར་རྒེད་འོག་ ཝམ་བུར་ལས་ ཚེ་རིང་གིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཚེ་རིང་གིས་ སྤྱི་ལོ་༢༠༡༢ ཟླ་༡༠ པའི་ཚེས་༡༧ ལུ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ དངུལ་ཀྲམ་༧,༠༠༠ གནས་པའི་ ཏམ་ཁུ་བཱ་བཱ་ཤོག་སྒྲོམ་༣༠༠ (ལྗིད་ཚད་ག་རམ་༣༦,༠༠༠) དང་ ཏམ་ཁུ་བཅུ་རྡོག་༢,༦༠༠ ཕུན་ཚོགས་གླིང་ལས་ ཐིམ་ཕུ་ལུ་འོང་མི་ སྐྱེལ་འདྲེན་བཱསི་ནང་ སྐྱེལ་བའི་སྐབས་ ཆུ་ཁ་རྩི་མ་གཤམ་ལུ་ ཁྲིམས་སྲུང་འགག་པ་གིས་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཁོ་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ཡོད་མི་ ཕད་ཙེ་དེ་ ཁོ་རའི་ ཨ་ཞེམ་ལུ་ ཐིམ་ཕུ་ཚུན་ བསྐྱལ་གནང་ཟེར་སླབ་སྟེ་ ཨ་ཞེམ་གིས་ཡང་ ཕད་ཙེ་ནང་ ཏམ་ཁུ་ཡོདཔ་མ་ཤེས་པར་ སྐྱེལ་འདྲེན་བཱསི་ཅིག་ནང་ འབག་ནུག་ཟེར་ ཐོག་མའི་འཁྲུན་ཆོད་ནང་བཀོད་ནུག།
ཚེ་རིང་གིས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཁྲིམས་འགལ་ཐོག་ ནང་འདྲེན་འབད་ནུག་ཟེར་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment