Pages

འདས་པའི་ལོ་དང་ཕྱདཔ་ད་ གློག་བརྙན་བཟོ་སྐྲུན་འབད་མི་ མར་བབས།

༢༡/༦/༢༠༡༣   ༉ རྒྱལ་ཁབ་ནང་ དཔལ་འབྱོར་ཉམས་འགྱོ་མི་ལུ་བརྟེན་ གློག་བརྙན་བཟོ་སྐྲུན་འབད་མི་ སྦྱིན་བདག་ཚུ་གིས་ གློག་བརྙན་གསརཔ་བཟོ་མ་ཚུགསཔ་ལས་ དུས་ཅི་ གློག་བརྙན་ཁང་ནང་ གློག་བརྙན་གསརཔ་གྱངས་ཁ་ཆོདཔ་ཅིག་མ་གཏོགས་ གསརཔ་གཅིག་ཤུལ་གཉིས་ཤུལ་སྦེ་ སྟོན་ནི་མེདཔ་ཨིན་པས།
སྤྱི་ལོ་༢༠༡༠ ནང་ གློག་བརྙན་༢༩ གསར་བཏོན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ གློག་བརྙན་༣༡ དེ་བཟུམ་སྦེ་ ན་ཧིང་ སྤྱི་ལོ་༢༠༡༢ ལུ་ གློག་བརྙན་༢༩ གསརཔ་བཟོ་བཀོད་འབད་ཡོདཔ་ཨིན་པས།



འབྲུག་གློག་བརྙན་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཤེས་རབ་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ གློག་བརྙན་ཁང་ནང་ ལོ་རེ་ལུ་ གློག་བརྙན་གསརཔ་༢༥ ལས་༣༠ གི་བར་ན་སྟོན་ཡོདཔ་ཨིན་རུང་ དུས་ཅི་ ད་ལྟོ་ཚུན་ གློག་བརྙན་༤ ལས་ སྟོན་མ་ཚུགསཔ་ད་ གློག་བརྙན་༢ སྟོན་ནི་སྦེ་ བསྒུག་བཞག་ཡོདཔ་ལས་ མཐོ་ཤོས་གློག་བརྙན་གསརཔ་༡༠ དེ་ཅིག་ལས་བརྒལ་ མི་འོང་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་བརྙན་གསརཔ་གི་ གྱངས་ཁ་མར་བབས་འགྱོ་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ དཀའ་ངལ་ཐོན་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ དེ་གི་གྲས་ལས་ ཉམས་རྒུདཔ་གཙོ་བོ་ཅིག་ གློག་བརྙན་བཟོ་གྲྭ་ཁང་ཚུ་ཨིན་ཟེར་ ཨིན་པས།
གློག་བརྙན་བཟོ་སྐྲུན་གྱི་སྦྱིན་བདག་ མི་ལ་བརྒྱུད་འབྲེལ་ལས་ མི་ལ་སྟོབས་རྒྱས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཁོ་གིས་ གློག་བརྙན་བཟོ་སྐྲུན་འབད་ནི་དེ་ སྤྱི་ལོ་༡༩༩༩ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ གློག་བརྙན་ཡོངས་བསྡོམས་༥ བཟོ་སྐྲུན་འབད་ཡི་ཟེར་ཨིན་པས།
ཁོ་གིས་ གློག་བརྙན་འགོ་དང་པ་ བཟོ་སྐྲུན་འབད་མི་ དཀའ་ངལ་ཟེར་བའི་ གློག་བརྙན་རྐྱངམ་གཅིག་ནང་ལས་ ཁེ་སང་ ཐོབ་ཡོདཔ་མ་གཏོགས་ གློག་བརྙན་གཞན་མི་༤ གིས་ རྒུད་ཕོག་མི་ལུ་བརྟེན་ གློག་བརྙན་བཟོ་སྐྲུན་འབད་ནི་དེ་ མཚམས་འཇོག་འབད་ བཞག་ད་ཡི་ཟེར་ཨིན་པས།
མ་གཞི་ ཁོ་གིས་འབད་བ་ཅིན་ བཟོ་སྐྲུན་འབད་མི་ གློག་བརྙན་མང་ཤོས་ར་ རྒྱལ་ཁབ་ཀྱི་ ལམ་ལུགས་སྲོལ་དང་འཁྲིལ་ཏེ་ བཟོ་དོ་ཡོདཔ་ལས་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ དེ་བཟུམ་མའི་ གློག་བརྙན་མ་དགའ་ནི་དེ་གིས་ རྒུད་ཕོགཔ་ ཨིནམ་འོང་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ གློག་བརྙན་བཟོ་སྐྲུན་གྱི་ ཚོང་འབྲེལ་དེ་ འཕྲོ་མཐུད་དེ་ར་ འབད་དགོ་པ་ཅིན་ ཕྱི་རྒྱལ་ཁབ་ལས་ཕར་ སྦྱོང་བརྡར་ཅིག་ལེགས་ཤོམ་སྦེ་ འབད་ཞིནམ་ལས་ ལོག་སྟེ་ ན་གཞོན་དང་ གློག་བརྙན་ལྟ་མི་ཚུ་གིས་ མིག་ཁར་ཚུད་མི་དང་ སེམས་ཁར་འབབ་པའི་ གློག་བརྙན་བཟོ་དགོ་ནི་མས་ཟེར་ཨིན་པས།
སློབ་ཕྲུག་ཅིག་ཨིན་མི་ སྐྱེས་ལོ་༢༣ ལང་མི་ ཕུན་ཚོགས་དབང་འདུས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ན་ཧིང་ དུས་ཚོད་འ་ནིམ་གཅིག་ཁར་ གློག་བརྙན་གསརཔ་ ལེ་ཤ་ཅིག་ར་ལྟ་ཡི་ཟེར་ཨིན་རུང་ དུས་ཅི་གི་ལོ་ནང་ གློག་བརྙན་རྙིངམ་ཚུ་ ལོག་སྟོན་དོ་ཡོདཔ་མ་གཏོགས་ གསརཔ་མ་སྟོན་ནི་དེ་གིས་ གློག་བརྙན་ལྟ་བ་འགྱོ་ནི་ལུ་ སྤྲོ་བ་མི་བྱུང་མས་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ གློག་བརྙན་གསརཔ་ མ་ཐོན་མི་དེ་ཡང་ ཧེ་མ་ལས་ཡོད་མི་ འཁྲབ་རྩེདཔ་རྙིངམ་ལ་ལུ་ཅིག་ ཕྱི་རྒྱལ་ཁབ་ནང་ ལཱ་འབད་བ་དང་ ལ་ལུ་དཔེ་ཆ་ལྷབ་པར་སོང་མི་ལུ་བརྟེན་ཏེ་ཡང་ མེན་ན་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་ ཤེས་རབ་རྒྱལ་མཚན་གྱིས་ འབད་བ་ཅིན་ ཁྲབ་རྩེདཔ་རྙིངམ་ཚུ་ ཕྱི་རྒྱལ་ཁབ་ནང་ འགྱོ་མི་གིས་ འབྲུག་པའི་གློག་བརྙན་བཟོ་སྐྲུན་ལུ་ གནོད་པ་མི་འོང་ཟེར་ཨིནམ་མ་ཚད་ ལྕོགས་གྲུབ་ཅན་གྱི་ ན་གཞོན་མང་རབས་ཅིག་ཡོདཔ་ལས་ དཀའ་ངལ་མེད་ཟེར་ བཤདཔ་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ འབད་བ་ཅིན་ ཁྲོམ་ཁར་ གློག་བརྙན་གསརཔ་མ་འཐོན་མི་དེ་ གློག་བརྙན་ལུ་ བརྟེན་དགོ་མི་ མང་རབས་ཅིག་ཡོདཔ་ལས་ ཁོང་གི་ འཚོ་བའི་གནས་སྟངས་ཀྱི་དོན་ལས་ འབྲུག་གློག་བརྙན་ཚོགས་པ་གིས་ ཚ་གྱང་ཡོད་ཟེར་ཨིན་པས།
འབྲུག་གློག་བརྙན་ཚོགས་པ་ནང་ འཐུས་མི་༡༠༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment