Pages

སིབ་སུའི་མི་སེར་ཚུ་ གླངམོ་ཆེ་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་བའི་ཚ་གྱང་།

༢༢/༧/༢༠༡༣   ༉ བསམ་རྩེ་སིབ་སུ་རྒེད་འོག་ བདེ་བ་ཅན་གཡུས་ཚན་ནང་ ལྕང་ལཱ་རྐྱབ་པའི་བསྒང་ཡོདཔ་བཞིན་དུ་ སོ་ནམ་ཞིང་པ་ཚུ་ལུ་ ཞིང་ཆུ་མ་ལང་པའི་ དཀའ་ངལ་ལུ་མིན་པར་ འབྱ་བརྔ་མ་རན་པའི་ཧེ་མར་ རི་དྭགས་གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་འོང་ཟེར་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
མི་སེར་སོ་ནམ་པ་ཚུ་ ལྕང་ལཱ་ རྐྱབ་པའི་བསྒང་།


དེ་ཡང་ རྒེད་འོག་བདག་སྐྱོང་ཡིག་ཚང་གིས་འབད་བ་ཅིན་ གྲོང་གསེབ་མི་སེར་ཚུ་གིས་ ལོ་ངོ་བཅུ་ཕྲག་ལེ་ཤ་ཅིག་གི་ཧེ་མར་སེལ་མི་ ཆུ་གཡུར་ཉམས་བཅོས་ཀྱི་དོན་ལུ་ ཁ་བཟེད་མ་བཏུབ་ལས་ སོ་ནམ་ལྷན་ཁག་གིས་ འཆར་དངུལ་དངུལ་ཀྲམ་༣༢༠,༠༠༠ བཞག་མི་དེ་ ལོག་སྤྲོད་དགོཔ་ བྱུང་མི་ལས་ གསལ་སྟོན་འབདཝ་ཨིན་པས།
རྒཔོ་ནཱན་ད་རཱཇ་ གི་རི་གིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༥ པའི་ནང་ ཁྱིམ་གུང་༧༢ ཀྱི་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་ལན་ཐེངས་༡༠ དེ་ཅིག་ འབད་ཡོད་རུང་ གཡུས་མི་ཚུ་གིས་ ཆུ་གཡུར་ཉམས་བཅོས་འབད་ནི་གི་ ཁ་བཟེད་མ་བཏུབ་མི་དེ་ཡང་ ཁོང་གི་ ཚ་གྱང་ཆེ་ཤོས་ར་ ཆུ་གཡུར་མིན་པར་ རི་དྭགས་གླངམོ་ཆེ་ཚུ་ལུ་ཡོད་ཟེར་ སླབ་པའི་ཤུལ་ལས་ སྤྱི་ཟླ་༦ པའི་ཟླ་མཇུག་ལུ་ རྩིས་ལོ་མཇུག་བསྡུཝ་ད་ འཆར་དངུལ་དེ་ ལོག་བསྐྱལ་ཡི་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་གི་ ཁ་ཐུག་ལས་ རྒྱུ་ཆས་ཚུ་ མཁོ་སྤྲོད་འབདཝ་ཨིན་རུང་ ལཱ་དེ་ སོ་ནམ་པ་ཚུ་གིས་ འབད་དགོཔ་ཨིན་ཟེར་ རྒཔོ་ནཱན་ད་རཱཇ་ གི་རི་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ མི་སེར་ཚུ་གིས་ ཆུ་གཡུར་དང་ ཡང་ཅིན་ ཞིང་ཆུའི་དཀའ་ངལ་ག་ནི་ཡང་མེདཔ་ལས་ ཉམས་བཅོས་འབད་དགོཔ་མེད་ཟེར་ སླབ་ཡོདཔ་ད་ ཁོང་ལུ་ དཀའ་ངལ་བསལ་དགོཔ་དེ་ར་ འབྱ་ཞིང་ནང་འོང་སྟེ་ ལོ་ཐོག་མེདཔ་བཏང་མི་ གླངམོ་ཆེ་ཚུ་ཨིནམ་སྦེ་ སླབ་མས་ཟེར་ཨིན་པས།
གནད་དོན་གཞན་དེ་ སའི་ཇོ་བདག་མང་ཤོས་ར་ ཐིམ་ཕུ་དང་ ཡང་ཅིན་ རྫོང་ཁག་གཞན་ཚུ་ནང་ལས་ཕར་ སྡོད་ནི་དེ་གིས་ ལཱ་འབད་བར་ གཡུས་ཁར་འོང་ནི་གི་ སྤྲོ་བ་མི་བསྐྱེད་པའི་ཁར་ སོ་ནམ་པ་ཚུ་གིས་ཡང་ འབྱ་འཛུགས་སྐྱོང་འབད་ནི་ལུ་ གཙོ་བོར་བཏོན་མི་ལུ་བརྟེན་ཨིན་པས།
གྲོང་གསེབ་མི་སེར་ཚུ་གིས་འབད་བ་ཅིན་ རི་དྭགས་གླངམོ་ཆེ་ཚུ་གིས་ འབྱ་ཞིང་ཚུ་ག་ར་མེདཔ་བཏང་སྟེ་ འབྱ་བརྔ་ནི་གི་ དུས་ཚོད་རན་པའི་བསྒང་ལས་ ག་ཅི་ཡང་ བརྔ་ནི་མེདཔ་བཟོ་དོ་ཡོདཔ་ལས་ གཞུང་གིས་ རི་དྭགས་སེམམ་ཅན་ཚུ་ལས་ ཉེན་སྐྱོབ་འབད་ནི་གི་ ཐབས་ལམ་ཚུ་ མཐར་འཁྱོལ་བྱུང་མ་ཚུགས་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ཁོང་གི་ཁ་ཐུག་ལས་ གླངམོ་ཆེ་ཚུ་ རྒེད་འོག་ནང་ འཛུལ་ནི་ལས་ བཀག་ཐབས་ལུ་ ཐབས་ལམ་སྣ་ཚོགས་ལག་ལེན་འཐབ་ཡོད་རུང་ ཐབས་ལམ་ག་ར་མཐར་འཁྱོལ་བྱུང་མ་ཚུགས་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ གླངམོ་ཆེ་ཚུ་ གཡུས་ཚན་ནང་ འོང་མི་འོང་བལྟ་ནིའི་དོན་ལུ་ ལྟ་རྟོག་ཁང་༣ བཟོ་སྐྲུན་འབད་ཡོདཔ་མ་ཚད་ གྲོང་གསེབ་མི་སེར་ཚུ་ལུ་ འཕྲུལ་ལྟོ་དང་སྦྲགས་ འཕྲུལ་མེ་༣༠ ནགས་ཚལ་ལས་ཁུངས་ཀྱི་ གྲོགས་རམ་ཐོག་ལུ་ མཁོ་སྤྲོད་འབད་བའི་ཁར་ གློག་ཤུགས་ཀེ་བི་༡༢ འབད་མི་ ཉི་དྲོད་གློག་ཤུགས་ར་བ་ལག་ལེན་གི་དོན་ལས་ དྲུང་ཁག་བདག་སྐྱོང་ལས་ དངུལ་ཀྲམ་༡༠༠,༠༠༠ བྱིན་ཡོད་རུང་ ཕན་ཐོགས་མིན་འདུག་ཟེར་ཨིན་པས།
རྒེད་འོག་ནང་ འབྱ་རིགས་སྣ་མ་འདྲཝ་༡༧ དེ་ཅིག་ འཛུགས་སྐྱོང་འབདཝ་ཨིན་རུང་ གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ འབྱ་འཛུགས་སྐྱོང་འབད་ནི་ཚུ་ བཤོལ་བཞག་ཡོད་ཟེར་ སླབ་ཨིན་པས།
བདེ་བ་ཅན་གཡུས་ཚན་ནང་ གཡུས་ཆུམ་དམརཔོ་ ནོ་ནི་ཡ་ཟེར་མི་དེ་ ཡོངས་གྲགས་སྦེ་ འཛུགས་སྐྱོང་འབད་སྲོལ་ཡོད་རུང་ རི་དྭགས་སེམས་ཅན་ཚུ་གིས་ མེདཔ་བཏང་ནི་དེ་གིས་ ཐོན་སྐྱེད་མར་བབས་སོང་ཡོདཔ་མ་ཚད་ འཛུགས་སྐྱོང་འབད་ནི་ཡང་ མཚམས་འཇོག་འབད་ཡོདཔ་ད་ འབྱའི་ཐོན་སྐྱེད་དེ་ སྤྱི་ཟླ་༩ པའི་ཟླ་མཇུག་ལུ་རྐྱངམ་གཅིག་ བརྔ་ནི་དེ་གིས་ གླངམོ་ཆེ་ཚུ་ལུ་ གནོདཔ་བཀལ་ནི་གི་ གོ་སྐབས་མངམ་ཐོབ་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ རེད་དཀརཔོ་ཅི་རང་ཟེར་མི་ འཛུགས་སྐྱོང་འབད་མི་དེ་ཡང་ གཡུས་ཆུམ་དམརཔོ་ ནོ་ནི་ཡ་དང་ཕྱདཔ་ད་ ཟླཝ་ཅིག་གི་ཧེ་མར་ སྤྱི་ཟླ་༨ པའི་ནང་ བརྔ་ནི་དེ་གིས་ཨིན་པས།
དཀའ་ངལ་དེ་ གཞུང་གསརཔ་གིས་ ཐབས་ལམ་གསརཔ་བཏོན་པ་ཅིན་རྐྱངམ་གཅིག་ སེལ་ཚུགས་ནི་བཟུམ་འདུག་ཟེར་ མི་སེར་ཚུ་གིས་ བཤད་ཡོདཔ་ད་ ང་བཅས་ལུ་ བཙག་འཐུ་གྲུབ་མི་ སྤྱི་ཚོགས་ཀྱི་ འཐུས་མི་གིས་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བའི་ དཀའ་ངལ་བསལ་ནི་གི་ ཁས་བླངས་འབད་ཡོདཔ་ལས་ ཐབས་ལམ་ཅིག་ བཏོན་འོང་མནོ་བའི་ རེ་བ་ཡོད་ཟེར་ སོ་ནམ་པ་ ཊེཇ་བྷ་དུར་གྱིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment