Pages

ས་མཚམས་ཁའི་ སྨན་ཚོང་ཁང་ཚུ་གིས་ སྨྱོ་རྫས་ནང་འབྲེལ་གཏོགས།

༉ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ འབྲུག་ལུ་ཡང་ སྨྱོ་རྫས་ཀྱི་དཀའ་ངལ་ བྱུང་དོ་ཡོད་མི་དེ་ཡང་སྨྱོ་རྫས་དེ་ ས་མཚམས་བདའ་སྟེ་ རྒྱ་གར་གྱི་ཚོང་ཁང་ཚུ་ནང་ལས་ འཇམ་ཏོང་ཏོ་སྦེ་ཐོབ་ཚུགས་ནི་དེ་གིས་ དེ་དང་འབྲེལ་བའི་ལཱ་ངན་ཚུ་ བཀག་ཐབས་འབད་ནིའི་དོན་ལུ་ དོ་འགྲན་སྦོམ་ར་བྱུངམ་ཨིན་པས།


འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ ཁྲིམས་དོན་འགོ་དཔོན་ བསོད་ནམས་ཚེ་རིང་གིས་འབད་བ་ཅིན་ སྨྱོ་རྫས་ཀྱི་དཀའ་ངལ་དེ་ ཧ་ལམ་གཅིག་མཚུངས་སྦེ་ཡོད་རུང་ རྒྱ་གར་ལུ་ལོག་སྤྱོད་ཀྱི་ དཀའ་ངལ་མ་ཐོན་མི་སྨན་ལ་ལུ་ཅིག་ འབྲུག་ལུ་ན་གཞོན་ཚུ་གིས་ ལོག་སྤྱོད་ཐོག་ལས་ སྨྱོ་རྫས་སྦེ་ལག་ལེན་འཐབ་ནི་དེ་གིས་ ས་མཚམས་ཁྲོམ་སྡེ་ཚུ་ནང་ འདི་ཚུ་བདག་འཛིན་འཐབ་ནིའི་དོན་ལུ་ བྱ་སྟབས་མ་བདེཝ་དུམ་གྲ་རེ་ཡོད་ཟེར་ཨིན་པས།
རྒྱ་གར་ལུ་འབད་བ་ཅིན་ སྨན་རིགས་ལ་ལུ་ཅིག་ སྨྱོ་རྫས་སྦེ་ལག་ལེན་འཐབ་པའི་དཀའ་ངལ་མེད་མི་ལུ་བརྟེན་ སྨན་ཚོང་ཁང་ཚུ་ནང་ལས་བཀག་འཛིན་མེད་པར་ འཐོབ་ཚུགས་ནི་དེ་གིས་ འབྲུག་གི་ཁྲོམ་ཚོགས་ནང་ དོ་འགྲན་བྱུངམ་མས་ཟེར་ཨིན་པས།
ཐིམ་ཕུ་ཁྲིམས་སྲུང་འགག་སྡེའི་ རྒྱལ་ཡོངས་སྨྱོ་རྫས་ཁྲིམས་དོན་སྡེ་ཕྲན་གྱི་ འགོ་དཔོན་ཅིག་གིས་སླབ་མིའི་ནང་ ཉིན་བསྟར་བཞིན་དུ་ས་མཚམས་བདའ་སྟེ་ མི་དང་སྣུམ་འཁོར་ཡར་མར་འགྱོ་མིའི་ གྱངས་ཁ་མ་ཆོདཔ་སྦེ་ཡོད་མི་ལུ་བརྟེན་ སྨན་ཚུ་བཀག་ཆ་མེད་པར་ཐོབ་ཚུགསཔ་ལས་ སྙན་ཞུ་འབད་མི་རེ་མ་ཐོན་པ་ཅིན་ ས་མཚམས་སྒོ་ར་ཁ་ལས་ འཛིན་བཟུང་འབད་ཚུགས་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དཀའ་ངལ་དེ་ གཙོ་བོ་ར་ མི་དང་ སྣུམ་འཁོར་རྒྱུན་ཆད་མེད་པར་འགྲོ་འགྲུལ་འབདཝ་ད་ འདི་ཚུ་རེ་རེ་བཞིན་དུ་འབད་ དབྱེ་ཞིབ་འབད་མ་ཚུགས་ནི་དེ་གིས་ བྱུངམ་མས་ཟེར་ཨིན་པས།
ཀུན་གསལ་གནས་ཚུལ་བསྡུ་ལེན་པ་གིས་ ཧེ་མ་ སྨྱོ་རྫས་ལག་ལེན་འཐབ་སྡོད་མི་ཅིག་དང་གཅིག་ཁར་ དྲིས་ཞིབ་འབད་མིའི་ནང་ སྨན་ཚུ་མང་ཤོས་ར་ ཕུན་ཚོགས་གླིང་གི་ས་མཚམས་ ཇའི་སྒང་ སྨན་ཚོང་ཁང་ཚུ་ནང་ལས་ ཐོབ་ཚུགསཔ་ཨིན་རུང་ འབྲུག་མི་ཚུ་ལུ་ཐད་ཀར་དུ་བྱིན་ནི་མེད་ཟེར་ ཁོ་གིས་བཤདཔ་ཨིན་པས།
སྨན་དགོ་མི་ཚུ་གིས་ ཇའི་སྒང་གི་ཁྲོམ་ལམ་བདའ་སྟེ་ བཞེས་སྒོ་བཙོང་སྡོད་མི་དང་ སྣུམ་འཁོར་ཚུ་ནང་ ཁུར་ཆ་བཀལ་ནི་དང་ ལཱ་འཚོལ་མི་ རྒྱ་གར་གྱི་མི་ངོམ་ཚུ་གི་བར་ན་བཙུགས་ཏེ་ ཏི་རུ་སྤྲོད་ཐོག་ལས་ཉོ་དགོ་ཟེར་ ཨིནམ་པས།
ཇའི་སྒང་གི་སྨན་ཚོང་པ་དང་ ནག་ཚོང་འཐབ་མིའི་བར་ན་ མཐུན་འབྲེལ་ཡོད་ནི་དེ་གིས་ བྱ་ངན་ཚུ་འཇམ་ཏོང་ཏོ་སྦེ་འབད་དོ་ཡོད་པའི་ཁར་ ཌོག་ཊར་གྱི་སྨན་ཡིག་འབག་འགྱོ་བ་ཅིན་སྨན་ཐོབ་དོ་ཡོདཔ་ལས་ བར་འབྲེལ་བ་ཚུ་གིས་ སྨན་ཡིག་འབག་ཐོག་ལས་ འབད་མི་ཡང་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ རྒྱ་གར་རྒྱལ་ཁབ་དང་གཅིག་ཁར་ སྨན་དང་ སྨྱོ་རྫས་ནག་ཚོང་འཐབ་མི་བཀག་འཛིན་དང་འབྲེལ་བའི་ ཟུང་ཕྱོགས་མཐུན་འབྲེལ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་མ་ཚད་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ ས་མཚམས་མཉམ་འབྲེལ་ཞལ་འཛོམས་ནང་ཡང་ འཐུས་མི་སྦེ་ འབྲེལ་གཏོགས་འབད་ནི་འགོ་བཙུགས་སྟེ་ ལོ་དག་པ་ཅིག་སོང་ཡོདཔ་ལས་ ཆིངས་ཡིག་དང་འབྲེལ་བའི་ ཞལ་འཛོམས་ཚུ་ནང་ གནས་སྟངས་འདི་གི་ཐོག་ལུ་ གྲོས་བསྡུར་ཚུ་འབད་དོ་ཟེར་ བསོད་ནམས་ཚེ་རིང་གིས་ བཤད་ཅི།
གྲོས་བསྡུར་འབདབའི་དོན་བཅུད་དེ་ཡང་ རྒྱ་གར་གྱིས་ གཞི་རྩ་འདི་ཚུ་ལུ་དེ་འཕྲོ་ལས་ངོས་ལེན་གྱི་རྒྱབ་སྐྱོར་ཚུ་འབད་ཡོདཔ་མ་ཚད་ ས་མཚམས་བདའ་སྟེ་ ལྟ་རྟོག་སྒྲིང་སྒྲིང་འབད་ནི་འགོ་བཙུགས་པའི་ཁར་ སྨྱོ་རྫས་དང་འབྲེལ་བའི་བརྡ་དོན་ཚུ་ཡང་ ཕན་ཚུན་བརྗེ་སོར་འབད་དོ་ཟེར་ཨིན་པས།
རྒྱ་གར་གཞུང་གིས་ གྲོགས་རམ་ཐོག་ལུ་ སྨྱོ་རྫས་བཀག་འཛིན་འབད་ནིའི་དོན་ལུ་ འབྲེལ་བ་ཡོད་པའི་ལས་སྡེ་ དཔེར་ན་ ཁྲིམས་སྲུང་འགག་སྡེ་དང་ ཅ་དམ་འགོ་དཔོན་ དེ་ལས་ སྨྱོ་རྫས་བཀག་འཛིན་ལས་སྡེ་དང་ སྨན་རིགས་རྒྱུན་བཀོད་དབང་འཛིན་གྱི་འགོ་དཔོན་ཚུ་ལུ་ སྦྱོང་བརྡར་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་བཞིན་དུ་ར་ ཡོད་ཟེར་ཨིན་པས།
སྨན་ནག་ཚོང་འཐབ་མི་ཚུ་གིས་ ས་མཚམས་ཁ་ལས་ སྨན་དངུལ་ཀྲམ་༢༠ དང་༣༠ རེ་སྦེ་ ཉོ་འབག་སྟེ་ འབྲུག་མི་ཚུ་ལུ་ དངུལ་ཀྲམ་༢༠༠ དང་༣༠༠ རེ་སྦེ་བཙོང་དོ་ཡོད་པའི་ཁར་ ནག་ཚོང་འཐབ་མི་ཚུ་ཡང་ མང་ཤོས་ར་ ལཱ་གཡོག་མེད་མི་དང་ ལ་ལུ་ཁོང་ར་ཡང་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ཨིན་ཟེར་ ཀུན་གྲུབ་ཀྱིས་ཁོ་རའི་ཉམས་མྱོང་དང་འཁྲིལ་ ཀུན་གསལ་ལུ་བཤད་ཅི།
ཀུན་གྲུབ་ཀྱིས་སླབ་མིའི་ནང་ ད་ལྟོ་བར་ན་ཡང་ ལཱ་གཡོག་མེད་པར་ སྨན་ཚོང་འབྲེལ་འཐབ་མི་ ན་གཞོན་སྐྱེས་ལོ་༢༥ མན་ཆད་འབད་མི་ཕོ་སྐྱེས་༢ དང་ ཨམ་སྲུ་གཅིག་ ཐིམ་ཕུ་ལུ་ ནག་ཚོང་འདི་ལུ་བརྟེན་སྡོད་མི་ཡོད་ཟེར་ཨིནམ་ད་ ཁོ་གིས་ཤེས་རྟོགས་བྱུང་མི་གཞན་མི་༢ ད་ལྟོ་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ཚུད་སོ་ནུག་ཟེར་ ཨིན་པས།
ད་ལྟོ་ལཱ་གཡོག་ལེགས་ཤོམ་ཅིག་ཐོབ་པའི་ཁར་ གནས་ཚང་དང་ ཨ་ལུ་༡ ཡང་ཡོད་མི་ ཀུན་གྲུབ་ཀྱིས་སླབ་མིའི་ནང་ སྨན་ནག་ཚོང་འཐབ་ནི་དེ་ ཁེ་སང་སྦོམ་ཡོདཔ་མ་ཚད་ མ་རྩ་ཡང་ སྦོམ་དགོཔ་མེདཔ་ལས་ བྱ་ངན་ནང་འབྲེལ་ཞུགས་འབད་མི་ མང་ཤོས་ར་ ལཱ་གཡོག་མེད་མི་ ན་གཞོན་སློབ་གྲྭ་ནང་ལས་ ཐོན་སྡོད་མི་ཚུ་གིས་ འབད་དོ་ཡོད་པའི་ ཤེས་གསལ་བྱུང་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་སྨྱོ་རྫས་འཆང་སྤྱོད་དང་འབྲེལ་བའི་ སྙན་ཞུའི་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༨ ལུ་ མི་གྲངས་ ༤༡༨ དང་ སྤྱི་ལོ་༢༠༠༩ ལུ་༥༨༩ ལུ་ ཡར་སེང་སོང་བའི་ཁར་ སྤྱི་ལོ་༢༠༡༠ ལུ་༤༡༥ ཐོ་བཀོད་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༡ ལུ་༣༡༠ གྱི་རྩིས་ ཐོ་བཀོད་འབད་ཡོདཔ་ཨིན་རུང་ ད་ལོའི་ སྤྱི་ཟླ་༤ པའི་ཚེས་༤ ཚུན་གྱི་ སྨྱོ་རྫས་འཆང་སྤྱོད་དང་འབྲེལ་བའི་ ཉེས་བཙུགས་ནང་ མི་གྲངས་༨༣ འཛིན་བཟུང་འབད་ཡོད་པའི་ ཐོ་བཀོད་འབད་ནུག།
ཁྲིམས་སྲུང་འགག་སྡེའི་ ཐོ་བཀོད་དང་འཁྲིལཝ་ད་ སྨྱོ་རྫས་ལག་ལེན་དང་འབྲེལ་བའི་ གནད་དོན་ནང་འབྲེལ་གཏོགས་འབད་མིའི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།

No comments:

Post a Comment