Pages

ནདཔ་ཐོན་མི་ སེམས་ཅན་ཚུ་ བཅོ་ཁ་ལེགས་ཤོམ་འབད་ རྐྱབ་དོ་ཡོདཔ།

ཐིམ་ཕུ་ རྒྱལ་ཡོངས་སེམས་ཅན་སྨན་ཁང་ནང་ དམ་ཁྱི་ཅིག་ སྨན་བཅོས་འབད་བའི་བསྒང་།
༉ ཉིནམ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུ་ཆུ་བར་ཆུ་ རྒྱལ་ཡོངས་སེམས་ཅན་སྨན་ཁང་ནང་ ཨེལ་སཱེ་ཤཱན་རིགས་འབད་མི་ རོ་ཁྱི་༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་བསྒང་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ གློ་བུར་སྨན་བཅོས་ཚུ་འབད་རུང་ སྲོག་སྐྱབས་འབད་མ་ཚུགས་པས།

སྨན་ཁང་ནང་ལྷོད་དེ་ དུས་ཡུན་དུམ་གྲ་ཅིག་ནང་ ཤི་རྐྱེན་བྱུང་མི་ རོ་ཁྱི་༢ ལས་༡ བཤལ་ནད་ཐོབ་མི་ལུ་བརྟེན་ཏེ་ཨིན་ཟེར་ ཇོ་བདག་གིས་སླབ་ཡོདཔ་ད་ གཞན་མི་དེ་ ཤི་བའི་སྐབས་ལུ་ བུང་གཏོང་ལེན་འབད་མ་ཚུགས་པའི་ཁར་ ཁ་ལས་ ཁྲག་ལེ་ཤ་སྐྱུགས་ཡོདཔ་ད་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་འབད་བ་ཅིན་ རོ་ཁྱི་དེ་གིས་ དུག་ཟ་ཟཝ་བཟུམ་ཅིག་ འདུག་ཟེར་ཨིན་པས།
སྨན་ཁང་གི་ལས་བྱེདཔ་ཚུ་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ སྨན་ཁང་དེ་ནང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ སེམས་ཅན་ཚུ་ ལེ་ཤ་འོངམ་མས་ཟེར་ཨིནམ་ད་ དེ་ཚུའི་དོན་ལུ་ གློ་བུར་གྱི་སྨན་བཅོས་དང་ གཞན་ཡང་ གཤག་བཅོས་ཚུ་ འབད་དོ་ཟེར་ཨིན་པས།
སེམས་ཅན་ལ་ལུ་ཅིག་ སྲོག་སྐྱབས་འབད་ཚུགས་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་ སྨན་ཁང་ནང་ལྷོདཔ་ཅིག་ ཤི་ནི་དང་ རེ་ཚེ་སྐབས་ གཤག་བཅོས་ཚུ་འབད་བའི་སྐབས་ ཤི་བའི་གནད་དོན་ཚུ་ཡང་ བྱུངམ་མས་ཟེར་ སྨན་ཁང་གི་ སྒོ་ནོར་འགོ་དཔོན་གཙོ་འཛིན་ ཌོག་ཊར་ ཀུན་ལེགས་རྡོ་རྗེ་གིས་སླབ་མས།
སྨན་ཁང་ནང་ ནད་གཞི་གཞན་གྱིས་གཙོས་པའི་ རོ་ཁྱིའི་པགས་ཀོ་གི་ ནད་གཞི་དང་ འཆོལ་ནད་ ནོར་སེམས་ཅན་འབད་བ་ཅིན་ ཁ་ཚ་རྐང་ནད་ལ་སོགས་པའི་ ནད་གཞི་ཐོབ་མིའི་གནད་དོན་ཚུ་ ལྷོད་དོ་ཡོདཔ་མ་ཚད་ རེ་ཚེ་སྐབས་ རོ་ཁྱི་ཚུ་གིས་ བྱི་ལི་ལུ་ སོ་བཏབ་པའི་ཁར་ རོ་ཁྱི་ཁོང་ར་ གཅིག་གིས་གཅིག་ལུ་ སོ་བཏབ་པའི་ གནད་དོན་ཚུ་ཡང་ འོངམ་མས་ཟེར་ཨིན་པས།
སྨན་ཁང་གིས་ གློ་བུར་མེན་པའི་ སེམས་ཅན་ཚུ་ལུ་ སྨན་བཅོས་འབད་བའི་སྐབས་ གཤག་བཅོས་དེ་ རེས་གཟའ་ལྷག་པ་དང་ སྤེན་པ་ལུ་ འབད་དོ་ཡོདཔ་བཞིན་དུ་ འདས་པའི་རེས་གཟའ་ལྷག་པ་ལུ་ རོ་ཁྱི་གིས་སོ་བཏབ་སྟེ་ བུ་ཚང་ཕྱི་ཁར་བཏོན་བཏང་མི་ བྱི་ལི་ཅིག་དང་ ནད་གཞི་ཊུ་མར་ཐོབ་མི་ རོ་ཁྱི་ཅིག་ གཤག་བཅོས་འབད་དེ་ ལོག་བཏང་སར་མཐོང་ཡི།
དེ་ཚུའི་གྲས་ལས་ གཅིག་ ཐིམ་ཕུ་ལྕང་འབངས་འགྲོ་ལུ་སྡོད་མི་ སྐྱེས་ལོ་༤༠ ལང་མི་ ཤཱཀྱ་སྒྲོལ་མ་གི་ བྱི་ལི་དེ་ཨིནམ་ད་ ན་མོ་དེ་ ཕྱུག་གུ་འཚའ་ནི་ཡོདཔ་ཨིན་རུང་ རོ་ཁྱི་གིས་སོ་བཏབ་སྟེ་ བུ་ཚང་ཕྱི་ཁར་ བཏོན་བཏང་ཡོདཔ་ལས་ སྨན་ཁང་ནང་ལས་ གཤག་བཅོས་འབད་ཡོདཔ་ཨིན་པས།
ཤོག་གུའི་སྒྲོམ་ཅིག་ནང་ བྱི་ལི་དེ་བཙུགས་ཐོག་ལས་ ཁྱིམ་ནང་ལོག་འགྱོ་མི་ ཤཱཀྱ་སྒྲོལ་མ་གིས་འབད་བ་ཅིན་ ན་མོ་དེ་ གཤག་བཅོས་འབད་ཚུགས་ཡོདཔ་ལས་ སེམས་དགའ་ཡོདཔ་མ་ཚད་ ལེགས་ཤོམ་སྦེ་ དྲག་པའི་རེ་བ་ཡོད་ཟེར་ཨིན་པས།
དེ་ལས་ གཞན་མི་དེ་ སྐྱེས་ལོ་༡༡ ལང་མི་ དམ་ཁྱིའི་རིགས་ཀྱི་རོ་ཁྱི་མོ་ ཊཱོ་མི་དེ་ཡང་ གཤག་བཅོས་འབད་དེ་ ལོག་བཏང་ཡོདཔ་ད་ རོ་ཁྱི་དེ་ གཤག་བཅོས་འབད་མི་ ཌོག་ཊར་གིས་འབད་བ་ཅིན་ རོ་ཁྱི་དེ་ ཧེ་མ་ཚར་ཅིག་ ཕྱུག་གུ་འཚའ་ནི་མེད་པའི་ གཤག་བཅོས་འབད་བའི་སྐབས་ བཏོན་བཀོ་དགོ་པའི་རིགས་ལས་ ཤ་དུམ་གྲ་ཅིག་ ནང་ན་ལུས་མི་དེ་ སྦོམ་ཐལ་ཏེ་ ནད་གཞི་ཊུའི་མར་ལུ་ གྱུར་སོ་ནུག་ཟེར་ཨིན་པས།
གཤག་བཅོས་ཀྱི་སྐབས་ ཌོག་ཊར་དང་ ལས་བྱེདཔ་ཚུ་གིས་ ཊུའི་མར་ལུ་གྱུར་མི་ སྒོང་ཏོག་རིལ་རིལ་འབད་བའི་ ཤ་དྲ་དུམ་ཅིག་ཡང་ བཏོན་ཡོདཔ་ད་ སྨན་ཁང་གི་ཕྱི་ཁར་ ཚ་གྱང་ལང་སྟེ་ བསྒུག་སྡོད་མི་ ཊཱོ་མི་གི་ཇོ་བདག་ བདེ་སྐྱིད་ཀྱིས་འབད་བ་ཅིན་ ཟླ་ངོ་༣ དེ་ཅིག་གི་ ཧེ་མ་ལས་ར་ རོ་ཁྱི་དེ་གི་ཨོམ་སྦོ་སྟེ་ ན་ཡོདཔ་ལས་ སྨན་ཁང་ནང་ འབག་འོང་ཡི་ཟེར་ཨིན་པས།
ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ མ་གཞི་ དུས་དང་བསྟུན་ སྨན་ཁང་དེ་ཡང་ རྒྱ་བསྐྱེད་འབད་དེ་ ཞབས་ཏོག་ཚུ་ཡང་ གོང་འཕེལ་གཏང་ནིའི་ དུས་ཚོད་ཁར་ལྷོད་ཡོདཔ་ལས་ གོང་འཕེལ་གྱི་འཆར་གཞི་ཚུ་ བརྩམ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༡༩༦༠ རེ་གྲངས་ནང་རྐྱབ་མི་ སྨན་ཁང་དེ་ གསརཔ་བཟོ་སྐྲུན་གྱི་དོན་ལུ་ བཀོད་རིས་ཚུ་ཡང་བཟོ་སྟེ་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་ནང་ བཙུགས་ཏེ་ཡོདཔ་ཨིན་རུང་ ད་ལྟོ་ གནང་བ་འཐོབ་ནི་ལུ་ སྒུག་དོ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ སྨན་ཁང་གསརཔ་རྐྱབ་ཚུགས་པ་ཅིན་ གློག་པར་བཏབ་ནིའི་ཞབས་ཏོག་དང་ ཨལ་ཊ་སའུན་གྱི་ཞབས་ཏོག་ཚུ་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རོ་ཁྱི་ཚུ་གིས་ ཁ་སླབ་མ་ཤེས་ནི་དེ་གིས་ ན་དང་མ་ནའི་སྐོར་ལས་ ཤེས་ཚུགས་པར་ ལཱ་ཁག་ཡོདཔ་ལས་ དང་པ་ར་ རོ་ཁྱིའི་ ལྷ་པ་གུ་ བལྟ་དགོཔ་ད་ ལྷ་པ་དེ་ ཨ་རྟག་ར་ རློནམ་སྦེ་སྡོད་མི་དེ་གཟུགས་ཁམས་སྒྲིང་སྒྲིང་གི་རྟགས་ཨིན་རུང་ གལ་སྲིད་ སྐམ་སོཔ་སྦེ་ མཐོང་པ་ཅིན་ ནཝ་ཨིནམ་ཤེས་དགོ་ཟེར་ ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།

No comments:

Post a Comment