Pages

སློབ་དཔོན་ལུ་བརྡུང་རྫོབ།

༉ སྤྱི་ཟླ་༤ པའི་ཚེས་༡༡ གི་ཉིན་མར་ ཐིམ་ཕུ་ལུ་ སྒེར་སྡེ་སློབ་གྲྭ་ཅིག་གི་ སློབ་རིམ་༩ པའི་ སྐྱེ་ལྡན་རིག་པའི་ སློབ་དཔོན་ཅིག་ལུ་ བརྡུང་རྫོབ་འབད་མི་ ཕམ་དེ་གིས་ སྟབས་ངན་བྱུང་མི་ལུ་ བློ་ཕམ་ཡོད་ཟེར་ཨིནམ་ད་ ཉིནམ་དེ་ནང་བྱུང་མི་ རྐྱེན་ངན་གྱི་ མནོ་བསམ་བཏངམ་ད་ བློ་འགྱོད་སྦོམ་བསྐྱེདཔ་མས་ཟེར་ སློབ་ཕྲུག་བུཚ་དེ་གི་ ཨ་པ་གིས་ བཤདཔ་ཨིན་པས།


དེ་ཡང་ དཔལ་འཁྱིལ་འབྲིང་རིམ་སློབ་གྲྭ་གོང་མའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁ་ཙ་ ཁྲིམས་སྲུང་འགག་པ་ཚུ་ སློབ་གྲྭ་ནང་འོང་སྟེ་ བྱུང་རྐྱེན་སྐབས་ མིག་གིས་ མཐོང་མི་ཚུ་ལས་ ངག་བརྗོད་ཚུ་ ལེན་འབག་ཡི་ཟེར་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ བརྡུང་རྫོབ་ལུ་བརྟེན་ ཉམས་རྒུད་བྱུང་མི་ སློབ་དཔོན་གྱི་ མིག་ཏོ་ཁར་ ཐོ་ཕོག་ནུག་ཟེར་ཨིནམ་ད་ སློབ་དཔོན་དེ་ སེམས་ཤི་ནི་དེ་གིས་ ག་ལུ་ཡང་ བློ་སླབ་མི་བཏུབ་པའི་ཁར་ སློབ་སྟོན་ཡང་ འབད་ནི་མེད་ཟེར་ དབུ་འཛིན་གྱིས་ བཤད་ཡོདཔ་བཞིན་དུ་ སློབ་དཔོན་དེ་ རྒྱ་གར་གྱི་མངའ་སྡེ་ ཨཱན་ད་ར་པར་དེཤ་ལས་ཨིན་པས།
བྱུང་རྐྱེན་དེ་ཡང་ སློབ་རིམ་༩ པའི་སློབ་ཕྲུག་བུཚ་དེ་གིས་ ཁོ་རའི་སློབ་དཔོན་གྱིས་ ཁོ་གི་སྒལ་ཏོ་གུ་ ལག་པའི་ཐལ་རྩེ་གིས་ དྲངས་བྱིན་ཡི་ཟེར་ ཨ་པ་ལུ་ སླབ་པའི་ཤུལ་ལས་ བྱུང་ཡི་ཟེར་ སློབ་གྲྭའི་དབུ་འཛིན་གྱིས་ བཤདཔ་ཨིན་པས།
ཕམ་དེ་གིས་ སློབ་གྲྭའི་དབང་འཛིན་ཚུ་ལུ་ སྙན་ཞུ་མ་འབད་བར་ ཐད་ཀར་དུ་ སློབ་ཁང་ནང་སོང་སྟེ་ སློབ་དཔོན་ལུ་ བརྡུང་རྫོབ་འབདཝ་ད་ སློབ་དཔོན་དེ་གི་ སོ་༡ བཅགས་བཏང་ཡོདཔ་མ་ཚད་ མིག་ཏོའི་ས་གོ་ནང་ མཛོག་བླུགས་བྱིན་ཏེ་ རྨ་སྐྱོན་བཏོན་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ སླབ་མ་བཏུབ་པའི་ཁར་ ཡུ་ནི་སེཕ་ཡིག་ཚང་ནང་ ལཱ་འབད་མི་ ཕྱི་མི་ཕམ་དེ་གིས་ ཞིབ་དཔྱད་འབད་ཚར་ཞིནམ་ལས་རྐྱངམ་གཅིག་ སླབ་འོང་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment