རྒྱ་གར་གྱི་གཞུང་ཚབ་ པ་བཱན་ ཀེ་ བཱར་མ་གིས་ དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་ལུ་ རུ་པི་དུར་ཕྱུར་༡.༦༢ ལྷགཔ་ཅིག་གི་ དངུལ་འཛིན་ཅེག་ རྩིས་སྤྲོད་གནང་པའི་བསྒང་། |
༉ ཁ་ཙ་ རྒྱ་གར་གྱི་གཞུང་ཚབ་ པ་བཱན་ ཀེ་ བཱར་མ་གིས་ དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་ལུ་ རུ་པི་དུར་ཕྱུར་༡.༦༢ ལྷགཔ་ཅིག་གི་ དངུལ་འཛིན་ཅེག་ རྩིས་སྤྲོད་གནང་ཡོདཔ་ད་ དེ་ཡང་ འབྲུག་རྒྱལ་ཁབ་ཀྱི་ ལས་འགུལ་ཆུང་བ་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ཨིན་པས།
མ་དངུལ་དེ་ ལས་འགུལ་ཆུང་བའི་གྲས་ལས་ འཐུང་ཆུ་བཏོན་ནི་དང་ གཞི་རྟེན་མཁོ་ཆས་ཚུ་བསྒྲུབ་ནི་ ཞིང་ཆུ་བཏོན་ནི་ ས་ནོམ་ཞིང་ལམ་བསལ་ནི་ གསོ་བའི་སྨན་ཁང་ཆུང་བ་ཚུ་ བཟོ་སྐྲུན་འབད་ནི་ དེ་ལས་ སྤྲིང་ཟམ་ཚུ་ རྐྱབ་ནིའི་དོན་ལུ་ཨིནམ་ད་ ལས་འགུལ་དེ་གིས་ གྲོང་གཡུས་ཚུ་གི་ དབུལ་ཕོངས་དཀའ་ངལ་བསལ་ཏེ་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ཨིན་པས།
གྲོགས་རམ་མ་དངུལ་དེ་ ལོ་ངོ་༥ འི་ འཆར་གཞི་༡༠ པའི་ནང་ རྒྱ་གར་གཞུང་གིས་ འབྲུག་ལུ་ དངུལ་ཀྲམ་ས་ཡ་༧,༠༠༠ གནང་ནི་གི་ ཁས་བླངས་འབད་མིའི་ཐོག་ལས་ཨིནམ་ད་ པ་བཱན་ ཀེ་ བཱར་མ་གིས་འབད་བ་ཅིན་ གྲོགས་རམ་མ་དངུལ་དེ་གིས་ ལས་འགུལ་ཆུང་བའི་ལཱ་༢,༠༠༠ ལྷགཔ་ཅིག་ལུ་ དམིགས་གཏད་བསྐྱེད་མི་ལས་༡,༠༠༠ དེ་ཅིག་ འཕྲལ་མགྱོགས་ར་ འགྲུབ་ནི་ལུ་ཕན་ཐོགས་ཡོད་ཟེར་ཨིན་པས།
བློན་པོ་དབང་འདུས་ནོར་བུ་གིས་ གསུངས་མིའི་ནང་ གྲོགས་རམ་མ་དངུལ་ རུ་པི་དེ་ དངུལ་ཀྲམ་ལུ་བརྗེ་སོར་འབད་ཞིནམ་ལས་ རུ་པི་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ བྱིན་ནི་ཟེར་ཨིནམ་ད་ དེ་གིས་ ད་རེས་ རུ་པི་མ་ལང་པའི་ དཀང་ངལ་བསལ་ནི་ལུ་ ཕན་པ་ཡོད་ཟེར་ཨིན་པས།
ད་རེས་ རུ་པི་མ་ལང་པའི་དཀའ་ངལ་ བསལ་ཐབས་ཀྱི་དོན་ལུ་ འབྲུག་དང་ རྒྱ་གར་གཞུང་གི་བར་ན་ གསུང་གྲོས་ག་དེ་འབད་ར་ གནང་དོ་ག་ཟེར་ ཞུ་བའི་ལན་ལུ་ བློན་པོ་གིས་ གསུངས་མིའི་ནང་ འབྲུག་གིས་ རྒྱ་གར་གྱི་ ལྷན་རྒྱས་གཞུང་ཚོགས་ལུ་ གྲོས་གཞི་ཅིག་ཕུལ་ཡོདཔ་ལས་ གྲོས་གཞི་དེ་ ལེགས་ཤོམ་འབྱུང་པ་ཅིན་ རྒྱ་གར་གཞུང་གིས་ འབྲུག་ལུ་ རུ་པི་དུར་ཕྱུར་༣ རེ་ བསྐྱི་བཅུག་མི་དེ་ དུང་ཕྱུར་༡༠ ལུ་ ཡར་སེང་འབད་ནི་ཟེར་ཨིན་པས།
འདས་པའི་ཟླཝ་ནང་ རྒྱ་གར་གཞུང་ལུ་ རྒྱལ་ཁབ་ཀྱི་ མ་དངུལ་གནས་ཚད་ཀྱི་ སྙན་ཞུ་ཕུལ་བའི་སྐབས་ རྒྱ་གར་གཞུང་གིས་ དངུལ་ཀྲམ་དུང་ཕྱུར་༢༦ གནང་ནི་གི་ ཁས་བླངས་འབད་ཡོདཔ་ད་ པ་བཱན་ ཀེ་ བཱར་མ་གིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ རུ་པི་གི་དཀའ་ངལ་ཐོན་མི་དེ་ བསལ་ཚུགས་ནིའི་དོན་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment