གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐའི་གིས་ གསར་བཞེངས་བསྒྲུབས་མི་ སྟོན་པའི་སྐུ་འདྲ་ལུ་ རབ་གནས།


སྟོན་པའི་སྐུ་འདྲ་ གསར་བཞེངས་བསྒྲུབས་པའི་ རབ་གནས་རྟེན་འབྲེལ་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཐུགས་སྨོན་གནང་པའི་བསྒང་།
༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཉེ་འདབས་ལུ་ བརྒྱ་འཁོར་གླིང་ཁའི་ས་ཁོངས་ནང་ ཐའི་གིས་ ཕིཊ་༤༥ འབད་མི་ སྟོན་པའི་སྐུ་འདྲ་ཅིག་ གསར་བཞེངས་བསྒྲུབས་མི་དེ་ལུ་ གཞུང་གྲྭ་ཚང་ལས་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་གཙོས་པའི་ དགེ་སློང་ཚུ་དང་ ཐའི་ལེནཌི་ལས་འོང་མི་ བླམ་དང་ དགེ་སློང་ཚུ་གིས་ རབ་གནས་མཛད་གནང་ཡི།


ཐའི་ལེནཌི་ལས་ སྟོན་པའི་སྐུ་འདྲ་ཅིག་ གསར་བཞེངས་ལས་འགུལ་གྱི་ འགོ་འདྲེན་པ་ ཨམ་པ་རཱ་བཱ་ཌི་ ས་མཱིར་ཝཱོན་གྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ དེ་བཟུམ་མའི་ སྟོན་པའི་སྐུ་འདྲ་བཞེངས་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་དང་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་ རྟེན་འབྲེལ་བརྩི་སྲུང་ཞུ་ནི་ དེ་ལས་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་འགྲུབ་ཐབས་ལུ་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ དེ་བཟུམ་མའི་ སྟོན་པ་བཞེངས་བཞུགས་པའི་ སྐུ་འདྲ་བཞེངས་མི་དེ་ འགོ་ཐོག་ཨིནམ་ད་ ཐའི་ལེནཌི་ལུ་ ནང་པའི་བསྟན་པ་འཛིན་མི་ དད་ཅན་ཚུ་དང་ འབྲུག་རྒྱལ་ཁབ་ཀྱི་ མི་སེར་བརྒྱ་ཆ་ལས་༩༠ ལྷགཔ་ཅིག་ ནང་པ་ཆོས་འབད་མི་ཨིནམ་ལས་ སངས་རྒྱས་ཀྱི་བསྟན་པ་དེ་ མི་ཉམས་གོང་འཕེལ་གཏང་ནི་དང་ སེམས་ཅན་ཚུ་ ཐར་པ་དང་ སངས་རྒྱས་ཀྱི་གོ་འཕང་འཐོབ་ཐབས་དང་ ལྷག་པར་དུ་ རྒྱལ་ཁབ་༢ ཀྱི་ མཐུན་ལམ་དམ་ཟབ་བཞག་ནིའི་དོན་ལུ་ཨིན་ཟེར་ མོ་གིས་ སླབ་ཨིན་པས།
རབ་གནས་མཛད་སྒོའི་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་འབད་བྱོན་མི་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་མིའི་ནང་ སྟོན་པའི་སྐུ་འདྲ་བཞེངས་མི་དེ་གིས་ རྒྱལ་ཁབ་༢ ཀྱི་མཐུན་ལམ་ སྔར་བ་ལྷགཔ་སྦེ་ སྒྲིང་སྒྲིང་དང་ རྩ་བརྟན་བཟོ་ཚུགས་ནི་དང་ འབྲུག་མི་དད་ཅན་ཚུ་གིས་ ད་ལས་ཕར་ ས་ཁོངས་དེ་ནང་ འོང་ཞིནམ་ལས་ ཁ་ཐུན་དགེ་སྦྱོར་གཏང་ནི་ལུ་ ཕན་ཐོགས་ཚུགསཔ་མ་ཚད་ སྒོམ་ཉམས་ལེན་རྐྱབ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
དེ་མ་ཚད་ བློན་ཆེན་མཆོག་གིས་ འཛམ་གླིང་ནང་ ཐའི་ལེནཌི་རྒྱལ་ཁབ་དེ་ རྒྱལ་བརྒྱུད་འཛིན་པའི་ རྒྱལ་ཁབ་ཅིག་ཨིནམ་མ་ཚད་ རྒྱལཔོ་རིམ་བྱོན་ཚུ་ཡང་ ནང་པའི་ཆོས་ལུ་ དད་པ་དང་ ཡིད་ཆེས་སྦོམ་བསྐྱེད་དེ་ འཛམ་གླིང་ནང་ སངས་རྒྱས་ཀྱི་བསྟན་པ་ དར་ཁྱབ་མཛད་མི་ཅིག་འབདཝ་ལས་ ཐའི་ལེནཌི་གི་རྒྱལཔོ་ བུ་མི་བཱུལ་ ཨ་དཱུལ་ ཡཱ་དིབ་མཆོག་ དགུང་ལོ་༨༤ བཞེས་པའི་ འཁྲུངས་སྐར་དུས་ཆེན་ བརྩི་སྲུང་ཞུཝ་དང་འབྲེལ་ མི་དབང་མཆོག་ སྐུ་ཚེ་རིང་བཅུག་ཟེར་བའི་ སྨོན་ལམ་བཏབ་གནང་ཡི།
ཐའི་ལེནཌི་ལས་འོང་མི་བླམ་ ཝཱཌ་ སཱོང་མེཌ་ཏ་ཝཱ་ན་རཱམ་གྱིས་ སླབ་མི་དང་འཁྲིལཝ་ད་ འཛམ་གླིང་རྒྱལ་ཁབ་༢༨ ནང་ དེ་བཟུམ་མའི་ སྟོན་པའི་སྐུ་འདྲ་ བཞེངས་ཡོད་མི་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ཡང་ འགོ་ཐོག་བཞེངསམ་ཨིན་ཟེར་ཨིནམ་ད་ སྟོན་པའི་སྐུ་འདྲ་དེ་ གཞན་དལ་གཞི་ ཉིན་གྲངས་༣༨ ནང་ བཞེངས་ཚར་དགོཔ་ཨིན་རུང་ བར་ན་ལས་ ཏི་རུ་ཚུ་ ཨར་རྐུན་ཤོར་བའི་ བྲེལ་ཟིང་ཐོན་མི་ལུ་བརྟེན་ དུས་ཚོད་ཁར་ བསྒྲུབ་མ་ཚུགསཔ་ལས་ ཉིན་གྲངས་༡༠ ཡུན་འགྱངས་ལུས་སོ་ཡི་ཟེར་ཨིན་པས།
སྐུ་འདྲ་དེ་ ཐའི་གི་ བཟོ་རིག་མཁས་མཆོག་༡༠ གྱིས་ བཞེངས་ཡོདཔ་བཞིན་དུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལས་ གཞན་དགོས་མཁོ་ཆེ་མི་ཚུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཐའི་གིས་ ཉིན་གྲངས་༤༨ ནང་ སྟོན་པའི་སྐུ་འདྲ་ཡོངས་རྫོགས་ གསར་བཞེངས་བསྒྲུབས་མི་དེ་ལུ་ མི་ཚུ་ ཡ་མཚན་ཆེ་མི་དེ་ཡང་ གལ་སྲིད་ འབྲུག་མི་ཚུ་གིས་ བཞེངས་བཞེངསམ་འདྲཝ་ཅིག་འབད་བ་ཅིན་ དུས་ཡུན་ཟླཝ་༦ དེ་ཅིག་ འགོར་སོཔ་འོང་ཟེར་ མི་ཚུ་གིས་ སླབ་ཨིན་པས།

རབ་གནས་ཀྱི་དོན་ལུ་ ཐའི་ལས་ འོང་མི་ཅིག་གིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་ཀྱི་མི་ཚུ་ བསམ་པ་སེམས་བསྐྱེད་ལེགས་ཤོམ་ཡོད་པའི་ཁར་ རང་བཞིན་གནས་སྟངས་ཡང་ དགའ་ཏོག་ཏོ་ཡོདཔ་ལས་ ད་རེས་ འབྲུག་ལུ་འོང་ནིའི་ གོ་སྐབས་ཐོབ་མི་དེ་ ག་ཅི་དེས་ སྐལ་བ་བཟང་ཡི་ཟེར་ ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:

Post a Comment