Pages

ས་གཏེར་ལུ་བརྟེན་ ཚལ་ལུའི་ཐོན་སྐྱེད་མར་བབས་སོང་ཡོད་པའི་ ཁ་ཉེས།

གནོད་སྐྱོན་རྐྱབ་མི་ ཚལ་ལུ་ཤིང་།
ཉི་མ་དབང་འདུས།

ལྷག་པ་ སྤྱི་ཟླ་༤ ཚེས་༡༠། ༉ དུས་ཅིའི་ལོ་ནང་ པདྨ་དགའ་ཚལ་ཁོ་ཐག་པའི་ སོ་ནམ་ཞིང་པ་ཚུ་གིས་ དངུལ་ཐོག་ཚུ་བཙོང་སྟེ་ འོང་འབབ་ག་ཅི་ཡང་ བཟོ་མ་ཚུགས་མི་ལུ་བརྟེན་ སེམས་མ་དགའ་བར་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ ཚལ་ལུའི་ཤིང་ཚུ་ འདབ་མ་སེརཔ་ཐལ་བའི་ཤུལ་ལུ་ སྐམ་སྟེ་ཤི་ཡོདཔ་ལས་ དེ་བཟུམ་མའི་ གནོད་སྐྱོན་བྱུང་མི་དེ་ གཙོ་བོ་ར་ འབྲུག་ས་གཏེར་གྱི་ རྡོ་དཀར་ཇིབ་སམ་ཕྱིར་བཏོན་འབད་བའི་སྐབས་ ཐལཝ་ཐོན་མི་ལུ་བརྟེན་ཨིན་ཟེར་ཨིན་པས།


ཁོ་ཐག་པ་ལས་ སྐྱེས་ལོ་༥༥ འབད་མི་ ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མོ་གིས་ ཚལ་ལུ་ཚུ་ བཙོང་ཐོག་ལས་ ལོ་རེ་ལུ་ འབབ་ཁུངས་དངུལ་ཀྲམ་༤༠,༠༠༠ དེ་རེ་ བཟོ་ནི་ཡོདཔ་ཨིན་རུང་ འགྲོས་ཀྱིས་སྦེ་ མར་བབས་སོང་ཡོདཔ་མ་ཚད་ དུས་ཅིའི་ལོ་ནང་ འབབ་ཁུངས་དུམ་གྲ་ཅིག་ཡང་ བཟོ་མི་ཚུགས་ནི་བཟུམ་ཡོདཔ་ལས་ བཟའ་ཚང་ཚུ་ འཚོ་སྐྱོང་ག་དེ་སྦེ་ འཐབ་ནི་ཨིན་ན་ཟེར་བའི་ ཚ་གྱང་ལང་སྟེ་ ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ཀྱི་ གནས་སྟངས་ནང་ ཚལ་ལུ་ལྡུམ་ར་ཚུ་ནང་ ཤིང་སྐམ་དང་ རྩྭ་སྐམ་དུམ་གྲ་རེ་ལས་མེདཔ་མ་ཚད་ རྩྭ་ཚུ་ཡང་ ཧེ་མ་བཟུམ་སྦེ་ ཧོནམ་སྦེ་ མི་སྐྱེས་མི་བཏུབ་པས་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ ས་གཏེར་གྱི་ ལས་སྣ་ཚུ་ལུ་བརྟེན་ ཁོང་གི་ ཤིང་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མི་གིས་མ་ཚད་པར་ ཐ་ན་ ཚོད་བསྲེ་ལྡུམ་ར་ཚུ་ནང་ ཚོད་བསྲེ་ཡང་ སྐྱེས་མི་བཏུབ་པས་ཟེར་ཨིནམ་ད་ ཁོ་ཐག་པ་ལུ་ འདས་པའི་ལོ་༥ གི་རིང་ ཚོང་བཙོང་སྡོད་མི་ འཕྲིན་ལས་དབང་འདུས་ཀྱིས་འབད་བ་ཅིན་ གཏེར་ཁ་བཏོན་སའི་ ས་ཁོངས་ཚུ་ནང་ལས་ ཕྱི་རུ་ཁམས་ཅིག་ཁར་ རླུང་མ་འཕུ་བའི་སྐབས་ ཐལཝ་ཚུ་འོངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐལཝ་ཚུ་ལུ་བརྟེན་ ཁོང་ལུ་ ཚ་རིམས་ཚུ་ ཆད་ནི་མེད་པར་ ཐོབ་མ་ཚད་ བཞེས་སྒོ་ཚུ་ཡང་ ཐལཝ་དང་སླ་བསྲེས་ཏེ་ བཟའ་དགོཔ་འཐོནམ་མས་ཟེར་ཨིན་པས།
ད་རེས་ཀྱི་ གནས་སྟངས་ནང་ རྡོ་དཀར་བཏོན་སའི་ ས་ཁོངས་རྒྱ་བསྐྱེད་འབད་དེ་ གཞུང་ལམ་ཁར་ལྷོད་ནི་ལུ་ མི་ཊར་༥༠ དེ་ཅིག་ལས་མེདཔ་ད་ དེ་གི་སྐོར་ལས་ ཁོ་ཐག་པའི་ ཚོང་པ་ཚུ་གིས་མ་ཚད་ གཡུས་མི་ཚུ་གིས་ཡང་ ཁ་བཏང་དོ་ཡོདཔ་ཨིན་པས།
འབྲུག་ས་གཏེར་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ ལས་འཕྲོ་གིས་འབད་བ་ཅིན་ ས་གནས་ནང་ ཚལ་ལུ་ཤིང་ཚུ་ ཤི་མི་དེ་ འབྲུག་ས་གཏེར་རྐྱངམ་གཅིག་ལུ་བརྟེན་མེན་པར་ ཚལ་ལུ་ཤིང་ཚུ་ལུ་ ནད་འབུབ་ཐོབ་མི་གིས་ཡང་ ཐོན་ཤུགས་ཚུ་ལུ་ ཐོ་ཕོག་ནུག་ཟེར་ཨིན་པས།

ས་གཏེར་ བཏོན་སའི་ས་ཁོངས།

ཁོ་གིས་འབད་བ་ཅིན་ ད་ལྟོ་ གཏེར་ཁ་བཏོན་སའི་ས་ཁོངས་ རྒྱ་བསྐྱེད་འབད་མི་དེ་ཡང་ ས་གཏེར་ལས་ཁུངས་ལས་ གནང་བ་ཐོབ་མི་དང་འཁྲིལ་ཏེ་ཨིནམ་ད་ མ་གཞི་ གཞུང་ལམ་ཁར་ མི་ཊར་༣༠ མ་ལྷོད་ཚུན་ཚོད་ ཕྱིར་བཏོན་ནི་ཨིན་རུང་ ལཱ་འབད་ནི་ལུ་ བྱ་སྟབས་མ་བདེཝ་བྱུང་མི་ལུ་བརྟེན་ དེ་སྦེ་ར་ བཞག་ཡོད་ཟེར་ཨིན་པས།
ལས་འཕྲོ་གིས་ སླབ་མིའི་ནང་ ཁོང་གིས་ གཏེར་ཁ་བཏོན་ནི་གི་ལཱ་ཚུ་ ས་གཏེར་ལས་ཁུངས་ཀྱི་ གཏེར་ཁའི་བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་ འབད་བ་གིས་མ་ཚད་ མི་སེར་གྱི་ དཀའ་ངལ་ཚུ་ཡང་ སེམས་ཁར་བཞག་སྟེ་ འབད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་ལྟོ་ འབྲུག་ས་གཏེར་གྱིས་ ས་ཁོངས་རྒྱ་ཚད་ཧེག་ཊར་༢༦.༧༧ ནང་ལས་ རྡོ་དཀར་མེ་ཊིག་ཊཱོན་༢༥ བཏོན་ནིའི་གནང་བ་ཡོད་མི་ལས་ ད་ལྟོ་ བརྒྱ་ཆ་༢༠ ཡང་ མ་བཏོན་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གཡུས་མི་༥ དེ་ཅིག་གིས་ ལས་འཕྲོ་འབད་སར་སོང་སྟེ་ ཐལཝ་ཚུ་བཀག་ནིའི་དོན་ལུ་ འགྲུལ་འཁོར་ལམ་ཁར་ ཆུ་གཏོར་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ འགྲུལ་འཁོར་གྱི་ རྩི་ནག་ཐོག་ཁར་ ཆུ་བླུག་ནིའི་དོན་ལུ་ ལམ་སེལ་ལས་ཁུངས་ལས་ མི་སེར་ཁོང་ར་གིས་ གནང་བ་ཞུ་དགོཔ་སྦེ་སླབ་སྟེ་ ལོག་བཏང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment