ལྷག་པ་ སྤྱི་ཟླ་༤ ཚེས་༡༠། ༉ ཕུན་ཚོགས་གླིང་ལུ་ ལཱ་གཡོག་བྱིན་མི་ ངོ་ཚབ་ལས་སྡེ་ཚུ་ལུ་ རྒྱ་གར་གྱི་ ལས་མི་ཚུ་ མར་འབབ་འགྱོ་བའི་ དཀའ་ངལ་བྱུང་ཡོད་མི་དེ་ཡང་ ཕྱི་རྒྱལ་གྱི་ ལས་མི་ཚུ་ འབྲུག་ལུ་ ལཱ་འབད་བ་འོང་པ་ཅིན་ ཁོང་གི་གླ་ཆ་ཚུ་ རྒྱ་གར་གྱི་ཏི་རུ་ རུ་པི་ནང་ སྤྲོད་འོང་ག་ཟེར་ ཚ་གྱང་ཡོད་མི་ལུ་བརྟེན་ རྒྱལ་ཁབ་ནང་ ལཱ་འབད་དེ་ སྤྲོ་བ་མེདཔ་ཨིན་པས།
ངོ་ཚབ་ལས་སྡེ་ཚུ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ ལས་མི་ཚུ་གིས་འབྲུག་ལུ་ འོང་མ་བཏུབ་མི་དེ་ཡང་ ཁོང་ཆ་ཁྱབ་ རྒྱལ་ཁབ་འདི་ནང་ ལཱ་འབད་འདོད་ཡོད་རུང་ ཁོང་གི་ ཟླ་རིམ་གླ་འཐུས་ ཕྱེད་ཀ་ཅིག་ རུ་པི་དང་ ཕྱེད་ཀ་ཅིག་ འབྲུག་གི་དངུལ་ཀྲམ་ནང་སྤྲོད་ནི་དེ་གིས་ཨིན་པས།
རྒྱུ་མཚན་དེ་ལུ་བརྟེན་ཏེ་ འབྲུག་ལུ་འོང་མི་ རྒྱ་གར་གྱི་ ལས་མིའི་གྱངས་ཁ་ ཤུགས་སྦེ་ར་ མར་བབས་སོང་ཡོདཔ་ད་ ལས་སྡེ་མང་ཤོས་ཅིག་གིས་ སླབ་མིའི་ནང་ སྤྱིར་བཏང་ལུ་ ཉིན་བསྟར་བཞིན་དུ་ ལས་མི་༧༠ དང་༡༠༠ གི་བར་ན་ ལེན་དོ་ཡོདཔ་ཨིན་རུང་ རུ་པིའི་དཀའ་ངལ་ཐོན་ཞིནམ་ལས་ཚུར་ ལས་མི་༣༠ དེ་ཅིག་ཡང་ ཐོབ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཨིན་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་ལས་ཁང་ཆ་མཉམ་ལུ་ འབྲུག་གི་ མི་ཁུངས་མེན་པའི་ ལས་མི་ཚུ་ལུ་ རུ་པི་༥,༠༠༠ རེ་ བྱིན་དགོ་པའི་ བཀོད་བྱ་བྱིན་མི་དེ་གིས་ ཟླ་རིམ་བཞིན་དུ་ གླ་ཆ་དངུལ་ཀྲམ་༥,༠༠༠ ལྷགཔ་རེ་ཐོབ་མི་ ལས་མི་ཚུ་ལུ་ མནོ་བསམ་ཐེབས་བཏང་དགོཔ་བྱུང་ནུག།
རྒྱ་གར་གྱི་ རུ་པི་༥,༠༠༠ དེ་ཡང་ ལཱ་གཡོག་བྱིན་མི་དེ་གིས་ ལཱ་གཡོག་ལྷན་ཁག་ནང་ལས་ ཚུལ་མཐུན་ལཱ་གཡོག་ཆོག་ཐམ་བཏོན་ནི་ཡོད་པ་ཅིན་ བྱིན་དོ་ཡོདཔ་ཨིན་པས།
ལས་མི་ཚུ་གིས་ཡང་ ཁོང་ཁྱིད་འོང་མི་ ལྟ་རྟོག་པ་ཚུ་གིས་ རྒྱ་གར་གྱི་ རུ་པི་སྤྲོད་ནི་ཨིན་ཟེར་ སླབ་པ་ཅིན་རྐྱངམ་གཅིག་ ལཱ་འབད་བར་ འོང་ནི་ལུ་ དང་འདོད་བསྐྱེད་དོ་ཡོདཔ་ད་ ལས་སྡེ་ཅིག་གིས་ སླབ་མིའི་ནང་ བཟའ་ཚང་ཚུ་གིས་ འབྲུག་གི་དངུལ་ཀྲམ་དེ་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ལེན་མ་བཏུབ་ཤེས་ནི་དེ་གིས་ ཁོང་གི་ནང་མི་ འབྲུག་ལུ་ བཏང་མ་བཏུབ་ཨིན་རུང་ གླ་ཆ་དེ་ རུ་པི་བྱིན་ནི་ཨིན་ཟེར་སླབ་སྟེ་ ལེན་དོ་ཟེར་ཨིན་པས།
ལས་སྡེའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རུ་པིའི་དཀའ་ངལ་བྱུང་པའི་ཤུལ་ལུ་ བཟའ་ཚང་ཚུ་གིས་ སྔོན་བྱིན་ཚུ་ དངུལ་ཀྲམ་ནང་ ཐོབ་མི་ཚུ་ཡང་ ལྟ་རྟོག་པ་ཚུ་ལུ་ ལོག་སྤྲོད་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
ཕྱི་མི་ལཱ་གཡོག་ཚོགས་པ་གིས་ སླབ་མིའི་ནང་ ཚོགས་པ་གིས་ ལཱ་གཡོག་ལྷན་ཁག་ལུ་ ཕྱིའི་ལས་མི་ལས་སྡེ་ངོ་ཚབ་ཚུ་ལུ་ རུ་པི་གནང་དགོ་པའི་ གྲོས་འཆར་ཕུལ་ཡོདཔ་ལས་ ད་ལྟོ་ ངོས་ལེན་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
འབྲུག་གི་ས་མཚམས་ཁྲོམ་སྡེ་ཚུ་ནང་ ཕྱིའི་ལས་མི་ཚུ་ལུ་ ལཱ་གཡོག་བྱིན་མི་ ལས་སྡེ་༤༤ ཡོདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment