Pages

ཤར་ཕྱོགས་ཁ་ཐུག་གི་ སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་ གྲ་སྒྲིག་ཡོདཔ།

འཕྲལ་མགྱོགས་ར་ ལག་ལེན་འགོ་བཙུག་ནི་ཨིན་མི་ སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་།
མིག་དམར་ སྤྱི་ཟླ་༤ ཚེས་༩། ༉ ལོ་དག་པ་ཅིག་གི་ཤུལ་ལས་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ ཤིང་འབྲས་སྣ་ཚོགས་ཀྱི་ཁུ་བ་ཚུ་ ཐིམ་ཕུ་ ཝང་ཆུ་ལྟག་པ་ སོ་ནམ་ཐོན་སྐྱེད་བཟོ་གྲྭ་ལས་ བཀྲམ་སྤེལ་འབད་མི་དགོ་ནི་ཨིན་པས།
དེ་ཡང་ པདྨ་དགའ་ཚལ་ ཤུ་མར་རྒེད་འོག་ ནང་སྐོར་ལུ་ཨིན་མི་ ཤིང་འབྲས་ཀྱི་ཁུ་བའི་ ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་དེ་ དུས་ཅི་ལས་ འགོ་བཙུགས་ཏེ་  ཐོན་སྐྱེད་འབད་ནི་ཨིན་པས།


ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྫོང་ཁག་ཚུ་ལས་ ཚལ་ལུ་གི་ ཁུ་བ་བཟོ་ནིའི་དོན་ལུ་ ཚལ་ལུ་ཚུ་ བསྡུ་ལེན་འབད་དེ་ ཐིམ་ཕུ་ སོ་ནམ་ཐོན་སྐྱེད་བཟོ་གྲྭ་ཁང་ནང་ སྐྱེལ་དོ་ཡོདཔ་ཨིན་པས།
བཟོ་གྲྭ་འཕྲུལ་ཁང་དེ་ནང་ ཤིང་འབྲས་ཀྱི་ ཁུ་བ་བཟོ་ནིའི་ འཕྲུལ་ཆས་ཚུ་ག་ར་ གྲ་སྒྲིག་འབད་ཡོདཔ་ཨིན་རུང་ ཧོད་ཚུ་ནང་ གསོག་འཇོག་འབད་བཞག་མི་ ཤིང་འབྲས་ཚུ་ ཁུག་བཅུག་ནི་ལུ་ སྒུག་དོ་ཡོདཔ་ཨིན་པས།
བཟོ་གྲྭ་འཕྲུལ་ཁང་དེ་ སྤྱི་ལོ་༢༠༠༧ གྱི་ ཟླཝ་དང་པའི་ནང་ གདུང་བསམ་སོ་ནམ་གོང་འཕེལ་ཚོགས་པའི་འཐུས་མི་ སོ་ནམ་པ་༡༢ དང་ ཞི་གཡོགཔ་༣ གྱིས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ད་ལྟོ་ཚུན་ཚོད་ཀྱི་བར་ན་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་གྱི་ རྒེད་འོག་ཁག་ཚུ་ནང་ ཚལ་ལུ་ཚུ་ གསོག་འཇོག་འབད་ཞིནམ་ལས་ ཟླཝ་༦ གི་ཤུལ་ལས་ཁུགཔ་ད་ ཐིམ་ཕུ་ སོ་ནམ་ཐོན་སྐྱེད་བཟོ་གྲྭ་ཁང་ནང་ ཚལ་ལུའི་ཁུ་བ་བཟོ་ནིའི་དོན་ལུ་ བཏང་དོ་ཡོདཔ་ཨིན་པས།
དུས་ཅི་ ཚལ་ལུ་ཁུག་མི་ མེ་ཊིག་ཊཱོན་༥༠ ལས་ ཊཱན་༢༠ རྐྱངམ་གཅིག་ ཐིམ་ཕུ་ལུ་ བཏང་ཡོདཔ་ཨིན་པས།
གདུང་བསམ་སོ་ནམ་གོང་འཕེལ་ཚོགས་པའི་ཁྲི་འཛིན་ བཀྲིས་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཟོ་གྲྭ་འཕྲུལ་ཁང་གི་འཕྲུལ་ཆས་གསརཔ་དེ་ ལག་ལེན་འཐབ་སྟེ་ དུས་ཅི་ ཚལ་ལུ་ཊཱོན་༣༠ གི་ ཁུ་བ་ཐོན་སྐྱེད་འབད་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༦ པའི་ནང་ལས་ ཚལ་ལུའི་ཁུ་བ་ བཀྲམ་སྤེལ་འགོ་བཙུག་ནི་ཟེར་ཨིནམ་ད་ སང་ཕོད་ལས་ ཤིང་འབྲས་གཞན་གྱི་ ཁུ་བ་ཚུ་ཡང་ བཟོ་ནི་ཟེར་ཨིན་པས།
དུས་ཅི་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་ལས་ ཚལ་ལུ་མེ་ཊིག་ཊཱོན་༡,༠༠༠ དེ་ཅིག་ གསོག་འཇོག་འབད་ཡོདཔ་མ་ཚད་ ཕུན་ཚོགས་གླིང་ལུ་ ཚལ་ལུའི་གོང་ཚད་ མར་འབབ་འགྱོ་བའི་སྐབས་ ཚལ་ལུ་ཀེ་ཇི་༣,༠༠༠ དེ་ཅིག་ འབག་འོང་ཡི་ཟེར་ཨིན་པས།
བཟོ་གྲྭ་འཕྲུལ་ཁང་དེ་གིས་ སློབ་ཕྲུག་༤༠ དེ་ཅིག་ལུ་ ཚལ་ལུ་པགས་ཀོ་བཤུབ་ནིའི་ནང་ གནས་སྐབས་ཀྱི་ ལཱ་གཡོག་ཚུ་བྱིན་ཏེ་ ཡོདཔ་ཨིན་པས།
སྐྱེས་ལོ་༡༨ ཡན་ཆད་འབད་མི་ཚུ་ལུ་ ཉིནམ་རེ་ནང་ གླ་ཆ་དངུལ་ཀྲམ་༡༣༠ རེ་ བྱིན་དོ་ཡོདཔ་ད་ སྐྱེས་ལོ་༡༤ ལས་༡༨ ཀྱི་བར་ན་འབད་མི་ཚུ་ལུ་ དངུལ་ཀྲམ་༡༠༠ རེ་ བྱིན་དོ་ཡོདཔ་ཨིན་པས།
པདྨ་དགའ་ཚལ་ལས་ ཚོང་པ་པདྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཤིང་འབྲས་ཀྱི་ཁུ་བ་ཚུ་ ས་གནས་ནང་ལས་ར་ འཐོབ་ཚུགས་པ་ཅིན་ ཚོང་པ་ཚུ་གི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ ཨིན་མས་ཟེར་ཨིན་པས།
ས་གནས་ནང་ བཟོ་གྲྭ་འཕྲུལ་ཁང་ཡོད་མི་དེ་གིས་ ཤིང་འབྲས་ཀྱི་ཁུ་བ་ཚུ་ ས་གནས་གཞན་ཁ་ལས་ ལེན་མི་དགོ་ནི་དེ་གིས་ སྐྱེལ་འདྲེན་གྱི་འཐུས་ མར་ཕབ་འགྱོ་ནི་ཨིནམ་མ་ཚད་ མི་སེར་སོ་ནམ་པ་ཚུ་ཡང་ སོ་ནམ་གྱི་ ཐོན་སྐྱེད་འཇམ་ཏོང་ཏོ་སྦེ་ བཙོང་ཚུགས་ནི་མས་ཟེར་ པདྨ་གིས་ བཤདཔ་ཨིན་པས།
སོ་ནམ་ཐོན་སྐྱེད་ཀྱི་ བཟོ་གྲྭ་འཕྲུལ་ཁང་དེ་ མ་དངུལ་དངུལ་ཀྲམ་ས་ཡ་༢ ཀྱི་ཐོག་ལས་ སོ་ནམ་ལྷན་ཁག་གིས་ བཟོ་སྐྲུན་འབད་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment