Pages

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྗེས་དྲན་རྒྱལ་རྟགས་ཀྱི་ མདའ་རྩེད་འགྲན་བསྡུར།

༉ སྤྱི་ལོ་ ༢༠༡༢ ལོའི་ གནམ་སོ་ཁའི་དུས་ཚོད་ནེམ་ཅིག་ཁར་ ལོ་བསྟར་བཞིན་དུ་འགོ་འདྲེན་འཐབ་སྲོལ་ཡོད་མི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྗེས་དྲན་རྒྱལ་རྟགས་ཀྱི་ རང་ལུགས་སྤག་ཤིང་མདའ་གཞུའི་ཐོག་ལུ་ མདའ་རྩེད་ཚུ་ གོ་རིམ་བཞིན་དུ་སྦེ་ སྡེ་ཚན་ཚུ་གི་བར་ནང་ འགྲན་བསྡུར་འབད་དོ་ཡོདཔ་ཨིན་པས།


ཕྱིར་འབུད་ལམ་ལུགས་ཐོག་ལས་རྩེད་འགྲན་འབད་མི་འགྲན་བསྡུར་དེ་ནང་ ད་རིས་ སྡེ་ཚན་ཀ་པའི་གྲས་ལས་ ན་གཞོན་དང་ ཁྱུང་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ སྡེ་ཚན་ཁ་པའི་ནང་ དྲི་སི་ཨེ་དང་ ཀེ་ཊི་ཌི་སྡེ་ཚན་༢ ཀྱི་བར་ནང་ རྩེད་འགྲན་འབད་ནི་ཨིན་པས།
འབྲུག་རྩེད་རིགས་ཚོགས་པའི་འགོ་འདྲེན་འཐབ་མི་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་མི་དང་འཁྲིལཝ་ད་ སྔོན་བྱོན་རྒྱལ་བ་གོངམ་དང་ ཕམ་རྒན་ཤོས་ཚུ་གིས་ ལོ་མང་རབས་ཅིག་གི་སྔ་གོང་ལས་ ཕ་ལས་བུ་བརྒྱུད་དེ་ རང་ལུགས་ཀྱི་ མདའ་གཞུའི་ཐོག་ལས་  སྲོལ་མ་ཉམས་པར་རྩེད་ནི་ཡོད་མི་ཚུ་ དེང་སང་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་ དོན་ལུ་དང་ ལྷག་པར་དུ་ མ་འོངས་པའི་ན་གཞོན་ཚུ་ལུ་ ཁྱབ་སྤེལ་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྩེད་འགྲན་ནང་བཅའ་མར་གཏོགས་མི་ཚུ་གིས་ གནས་ཚུལ་བསྡུ་ལེན་པ་ལུ་བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ རང་ལུགས་ཀྱི་ མདའ་གཞུའི་ཐོག་ལས་རྩེད་འགྲན་འབདཝ་ད་ བཅའ་མར་གཏོགས་མི་ཚད་ཅིག་ལས་བརྒལ་མེད་པའི་ཁར་ ལྟདམོ་བལྟ་མི་ཡང་ རྒན་ཤོས་དག་པ་ཅིག་གིས་མ་གཏོགས་ ན་གཞོན་མང་ཤོས་ཅིག་གིས་ འདི་ལུ་ སྤྲོ་བ་དང་ དང་འདོད་མ་བསྐྱེད་པར་སྡོད་མི་ལུ་བརྟེན་ མ་འོངས་ཡུན་གནས་ཀྱི་དོན་ལུ་ ཉེན་ཁ་ཡོདཔ་ལས་ ཐབས་ལམ་ཚུ་ཡང་བཏོན་དགོཔ་འདུག་ཟེར་ཨིན་པས།
ཕྱི་རྒྱལ་གྱི་ མདའ་གཞུའི་ཐོག་ལུ་ རྩེད་འགྲན་འབད་བའི་སྐབས་སུ་ བཅའ་མར་གཏོགས་མི་ན་གཞོན་ཚུ་གིས་ཡང་ སྤྲོ་བ་བསྐྱེད་དེ་ སྡེ་ཚན་ལེ་ཤ་ཐོནམ་མ་ཚད་ ལྟདམོ་བལྟ་མི་ཚུ་འབད་རུང་ སྤྲོ་བ་བསྐྱེད་དེ་འོང་མི་ ཉིནམ་གཅིག་བ་ཉིནམ་གཅིག་མང་སུ་ཐོན་མི་ལུ་ལྟ་བ་ཅིན་ རང་ལུགས་ཀྱི་ ལམ་སྲོལ་བཟང་པོ་དེ་ལུ་ དུམ་གྲ་ཅིག་ཐོ་ཕོག་ནི་བཟུམ་འདུག་ཟེར་ ཨིན་པས།
རང་ལུགས་ཀྱི་རྩེད་འགྲན་ནང་ སྤྲོ་བ་བསྐྱེད་ནིའི་ཐབས་ཤེས་གཅིགཔ་དེ་ རྒྱལ་རྟགས་ཀྱི་གསོལ་རས་ཚུ་ ལེགས་ཤོམ་སྦེ་གནང་པ་ཅིན་  བཅའ་མར་གཏོགས་མི་ཡང་ མང་སུ་འཐོན་ནི་བཟུམ་འདུག་ཟེར་ཨིན་པས།
འབྲུག་རྩེད་རིགས་ཚོགས་པའི་འགོ་འདྲེན་དཔོན་ཚུ་གིས་ འབད་བ་ཅིན་ ཕྱི་རྒྱལ་གྱི་མདའ་གཞུའི་ཐོག་ལས་དང་ རང་ལུགས་སྤག་ཤིང་གི་མདའ་གཞུའི་ཐོག་ལས་རྩེད་འགྲན་འབད་མི་ཚུ་གི་བར་ན་ ཁྱད་པར་མེདཔ་འབད་ཡོད་ཟེར་ཨིན་པས།
ན་ཧིང་གི་ལོ་ལུ་ རྩེད་འགྲན་ནང་བཅའ་མར་གཏོགས་མི་སྡེ་ཚན་༨ མ་གཏོགས་མེདཔ་ཨིན་རུང་ ད་ལྟོའི་རྩེད་འགྲན་ནང་ སྡེ་ཚན་༡༧ གྱིས་ བཅའ་གཏོགས་ཡོད་མི་ལུ་བལྟ་བ་ཅིན་ ཡར་དྲག་སོང་ནུག་ཟེར་ ཨིནམ་པས།  
ད་རིས་རྩེད་འགྲན་འབད་མི་ སྡེ་ཚན་ ཀ་པ་དང་ ཁ་པའི་གྲས་ལས་ རྒྱལ་ཁ་འཐོབ་མི་ སྡེ་ཚན་གཉིས་ཀྱིས་ མཐའ་བཅད་འགྲན་བསྡུར་ཆུང་བའི་ནང་ ལྷོད་ནི་ཨིན་པའི་གནས་ཚུལ། 


བཀྲིས་ཕུན་ཚོགས།

No comments:

Post a Comment