Pages

འབྲུག་གི་གཞུང་ཚབ་ཀྱིས་ ཀུ་ཝེཊ་གི་ རྒྱལཔོ་མཆོག་ལུ་ ངོ་སྤྲོད་ཡིག་ཆ་ཕུལ་ཡོདཔ།


གཞུང་ཚབ་གསརཔ་ དྲགོས་བཀྲིས་ཕུན་ཚོགས་ཀྱིས་ ཀུ་ཝེཊ་རྒྱལ་ཁབ་ཀྱི་རྒྱལཔོ་(ཨ་མིར) ཤེག་ས་བྷ་ ཨཱལ་ཨཱ་མཱཌ་ ཨཱལ་ཇ་བར་ ཨཱལ་ས་བྷ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་བའི་བསྒང་།
༉ ཁ་ཙ་ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ ཀུ་ཝེཊ་ལུ་ འབྲུག་གི་གཞུང་ཚབ་གསརཔ་ དྲགོས་བཀྲིས་ཕུན་ཚོགས་ཀྱིས་ ཀུ་ཝེཊ་རྒྱལ་ཁབ་ཀྱི་རྒྱལཔོ་(ཨ་མིར) ཤེག་ས་བྷ་ ཨཱལ་ཨཱ་མཱཌ་ ཨཱལ་ཇ་བར་ ཨཱལ་ས་བྷ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ཡོདཔ་ཨིན་པས།

དེ་བསྒང་ དྲགོས་བཀྲིས་ཕུན་ཚོགས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གནང་མི་ བཀྲིས་ལེགས་སྨོན་དེ་ ཀུ་ཝེཊ་གི་ཨ་མིར་མཆོག་ལུ་ ཞུ་ཡོདཔ་བཞིན་དུ་ ཨ་མིར་གྱིས་ཡང་ མི་དབང་མངའ་ཞབས་མཆོག་ལུ་ བཀྲིས་ལེགས་སྨོན་ཕུལ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ཟླཝ་༢ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཀུ་ཝེཊ་ལུ་ རྒྱལ་རབས་ཅན་གྱི་ ཆིབས་བསྐྱོད་གནང་མིའི་སྐོར་ལས་ གསུངསམ་དང་འབྲེལ་ ཨ་མིར་མཆོག་གིས་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དམ་ཟབ་གནས་ཡོད་མིའི་ གཞི་འགྱམ་ངོ་མ་ར་  ཀུ་ཝེཊ་དང་ འབྲུག་གི་ སྐུ་འཁོར་གཉིས་ཀྱི་བར་ན་ མཐུན་ལམ་དང་ ཕན་ཚུན་གུས་ཞབས་ཚུ་ སྒྲིང་སྒྲིང་ཡོད་མི་ལུ་བརྟེན་ཨིནམ་སྦེ་ ཆ་བཞགཔ་ཨིན་ཟེར་ གསུངས་པའི་ཁར་ མཐུན་འབྲེལ་དེ་ ལྷག་པར་དུ་ རྩ་བརྟན་བཟོ་ནིའི་དོན་ལུ་ ཕྱི་འབྲེལ་དོན་གཅོད་པའི་ སེམས་ཤུགས་དང་ སེམས་སྐུལ་ཚུ་ གཞི་འགྱམ་འདི་ལུ་ གཞི་བཞག་སྟེ་ དང་ལེན་འབད་དགོ་ཟེར་གསུངས་ནུག།
ད་རུང་ རྒྱལཔོ་མཆོག་གིས་ གསུངས་མིའི་ནང་ འབྲུག་ལུ་ ཕྱི་རྒྱལ་གྱི་ གཞུང་ཚབ་ལས་ཁང་༣ རྐྱངམ་གཅིག་ལས་བརྒལ་མེད་མིའི་གྲངས་སུ་ གཅིག་ ཀི་ཝེཊ་གི་ གཞུང་ཚབ་ལས་ཁང་ཨིནམ་ལས་ དེ་གིས་ འབྲུག་གཞུང་གི་ ཁ་ཐུག་ལས་ རྒྱལ་ཁབ་གཉིས་ཀྱི་བར་ན་ དམིགས་བསལ་གྱི་ མཐུན་ལམ་ཡོད་པའི་ བརྩི་མཐོང་སྦོམ་བསྐྱེད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིན་པས།
ཨ་མིར་མཆོག་གིས་ འབྲུག་གི་གཞུང་ཚབ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཀུ་ཝེཊ་རྒྱལ་ཁབ་ནང་ ད་རུང་ ཆིབས་བསྐྱོད་གནང་དགོ་པའི་ ཞུ་བ་ཕུལ་དགོཔ་སྦེ་ གསུངས་པའི་ཁར་ ཨ་མིར་ཁོ་རའི་ཁ་ཐུག་ལས་ཡང་ མི་དབང་མངའ་ཞབས་མཆོག་ལུ་ འཕྲལ་མགྱོགས་ར་ མགྲོན་བརྡའི་ཕྱག་ཡིག་ཅིག་ ཕུལ་འོང་ཟེར་གསུངས་ནུག།
དྲགོས་བཀྲིས་ཕུན་ཚོགས་ཀྱིས་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ གཞུང་ཚབ་ཡིག་ཚང་ནང་ ཕྱག་ལཱ་གནང་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ ཀུ་ཝེཊ་གི་སྲིད་བློན་འོག་མ་དང་ ཕྱི་འབྲེལ་བློན་པོའི་ གོ་གནས་ཡང་བཞེས་མི་ ཤེག་ས་བྷ་ ཁ་ལིཌ་ ཨཱར་ཧ་མཱཌ་ ཨཱལ་ས་བྷ་དང་ མཇལ་ཕྲད་ཞུ་ཡོདཔ་མ་ཚད་ འདས་པའི་བདུན་ཕྲག་ནང་ ཀུ་ཝེཊ་གཞུང་གི་ དཔོན་ཁག་ཚུ་དང་ གསུང་གྲོས་གནང་ཡོདཔ་ཨིན་པས།
འབྲུག་དང་ ཀུ་ཝེཊ་གི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་དེ་ སྤྱི་ལོ་༡༩༨༢ ལུ་ ཕྱི་འབྲེལ་དོན་གཅོད་ཡིག་ཚང་ཅིག་ ཀུ་ཝེཊ་ལུ་ སྒོ་ཕྱེ་ཐོག་ལས་ ལིང་དཔོན་བགྲེསཔ་ པདྨ་ཚེ་རིང་དེ་ དོན་གཅོདཔ་ཡོངས་ཁྱབ་སྦེ་ བསྐོ་བཞག་འབད་མི་དང་འཁྲིལ་ གཞི་བཙུགས་འབད་ཡོདཔ་ད་ དེ་གི་ཤུལ་ལས་ དོན་གཅོད་ཁང་དེ་ སྤྱི་ལོ་༡༩༨༦ ཟླཝ་༤ པའི་ནང་ གཞུང་ཚབ་ལས་ཁང་ལུ་ རྒྱ་བསྐྱེད་འབད་ཞིནམ་ལས་ཚུར་ འབྲུག་གི་གཞུང་ཚབ་༩ སོར་ཡོད་པའི་གནས་ཚུལ།

No comments:

Post a Comment