བྱུང་རྐྱེན་དེ་ སྤྱི་ཟླ་༤ པའི་ཚེས་༣ ལུ་ ལྕམ་མཁར་ཁྲོམ་ཁར་ཡོད་མི་ ཤ་ཁང་གཉིས་ཀྱི་ ལས་བྱེདཔ་གཉིས་ཀྱིས་ བོད་པ་ལ་ཐང་གི་ བ་ར་འུན་སུ་ཡིཛ་ སྒོ་ནོར་གསོ་སྐྱོང་ལྟེ་བ་གིས་ གླང་གཉིས་བཙོང་ཡོད་མི་ལས་ གཅིག་ ས་ཁོངས་ནང་ར་ དམར་བསད་འབད་ཡོདཔ་ཨིན་པས།
གནད་དོན་དེ་ འབྲུག་བཟའ་ཆས་དང་ཁྲིམས་དོན་དབང་འཛིན་དང་ ཁྲིམས་སྲུང་འགག་པ་གཉིས་ཀྱིས་ ཤེས་རྟོགས་བྱུང་སྟེ་ ཕོ་སྐྱེས་གཉིས་ཆ་ར་ འཛིན་བཟུང་འབད་ཡོདཔ་ཨིན་རུང་ ཉེས་འཛུགས་འབད་ནིའི་དོན་ལུ་ ཁྲིམས་དང་བཅའ་ཁྲིམས་ཚུ་ནང་ ཁ་གསལ་ཅིག་ ག་ནི་ཡང་མེདཔ་ལས་ ངོས་ལེན་འབད་མ་ཚུགས་པར་ དེ་སྦེ་ར་ ལུས་ཡོདཔ་ཨིན་པས།
འབྲུག་བཟའ་ཆས་དང་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ངོ་ཚབ་ ཀརྨ་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གསོ་སྐྱོང་ལྟེ་བ་གིས་ གླང་གཉིས་བཙོང་ཡོད་མི་ལས་ གཅིག་ མི་ཅིག་གིས་ སྲོག་སྐྱབས་འབད་དེ་ ཉོ་ཡོདཔ་ཨིན་རུང་ གླང་གཞན་མི་དེ་ བོད་པ་ལ་ཐང་ལུ་ཡོད་མི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བའི་ ཡིག་ཚང་གི་ཉེ་འདབས་ལུ་ དམར་བསད་འབད་ཡོད་མི་དེ་ ཁོང་ལུ་ སྙན་ཞུ་མ་འབདཝ་ལས་ དེ་འཕྲོ་ལས་ ས་དོང་ནང་ བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་ ཚོང་བསྒྱུར་གྱི་དོན་ལུ་ གསད་ནི་ཨིན་པ་ཅིན་ ཁྲིམས་ལུགས་དང་འཁྲིལཝ་ད་ ཧེ་མ་ར་ གླང་དེ་ བརྟག་ཞིབ་འབད་དེ་ མི་མང་གི་ བཟའ་སྤྱོད་དོན་ལུ་ བཙོང་བཏུབ་མ་བཏུབ་ཀྱི་ དབྱེ་ཞིབ་འབད་དགོཔ་མ་ཚད་ བསད་ཚར་བའི་ཤུལ་ལས་ཡང་ ཤ་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ བརྟག་དཔྱད་འབད་དགོཔ་ཨིན་ཟེར་ཨིནམ་ད་ དེ་འབདཝ་ད་ ཕོ་སྐྱེས་གཉིས་ཀྱིས་ དེ་ཚུ་ག་ནི་ཡང་ མ་འབད་བས་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ ཕོ་སྐྱེས་གཉིས་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ ཞག་༡ བཙུགས་བཞག་པའི་ཤུལ་ལས་ དེ་གི་ནངས་པ་ ངག་བརྗོད་ལེན་ཏེ་ ལོག་བཏང་ཡོདཔ་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ ཚེ་རིང་དཔལ་འབྱོར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྫོང་ཁག་གི་ཧོངས་ལས་ གནད་དོན་དེ་ལུ་ ཁྲིམས་ལུགས་ཁ་གསལ་ཅིག་ ག་ནི་ཡང་མེད་པའི་ཁར་ རྫོང་ཁག་ཚོགས་འདུ་ནང་ཡང་ དྲི་དཔྱད་འབད་བའི་སྐབས་ བཀག་དམ་གྱི་སྐོར་ལས་ ག་ནི་ཡང་ བཀོད་དེ་མིན་འདུག་ཟེར་ཨིནམ་ད་ ཁྲིམས་ལུགས་ཡོད་དགོ་པ་ཅིན་ འབྲུག་བཟའ་ཆས་དང་ཁྲིམས་དོན་དབང་འཛིན་གྱི་ བཅའ་ཁྲིམས་ནང་ འོང་དགོཔ་ཨིན་ཟེར་ཨིན་པས།
འབྲེལ་ཡོད་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བོད་པ་ལ་ཐང་ལུ་ཡོད་མི་ གསོ་སྐྱོང་ལྟེ་བ་གིས་ ཕ་གླང་གི་དོན་ལུ་ ལག་ལེན་འཐབ་མ་བཏུབ་མི་གླང་ཚུ་ བཙོང་དོ་ཡོདཔ་ཨིན་རུང་ བུམ་ཐང་དེ་ གནས་རྩ་ཅན་གྱི་ ས་གནས་ཅིག་འབད་ནི་དེ་གིས་ ནོར་བསད་ཁང་ཡང་ མིན་འདུག་ཟེར་ཨིན་པས།
ཨིན་རུང་ ཀརྨ་སྟོབས་རྒྱས་ཀྱིས་ དེ་བཟུམ་སྦེ་ འབྲེལ་ཡོད་དབང་འཛིན་གྱི་ གནང་བ་མེད་པར་ བསད་མི་ཚུ་ ཉེ་འདབས་ཀྱི་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་ཆོགཔ་སྦེ་ བཀོད་དེ་ཡོདཔ་ཨིན་རུང་ ཉེས་ཆད་ཕོག་དགོ་པའི་སྐོར་ལས་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་གིས་ ཧེ་མ་ དེ་བཟུམ་འབད་མིའི་སྐོར་ལས་ ལོ་རྒྱུས་མ་གོ་རུང་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་རུ་པི་ མ་ལང་པའི་དཀའ་ངལ་ལུ་བརྟེན་ ནོར་ཤ་ཚུ་ རྒྱལ་ཁབ་ནང་འཁོད་ལས་ བཏོན་ནིའི་ཐབས་ལམ་བཏོན་དོ་ཡོདཔ་འོང་ནི་མས་ཟེར་ཨིནམ་ད་ ཨིན་རུང་ ལམ་ལུགས་དང་འཁྲིལ་དགོ་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
བོད་པ་ལ་ཐང་ལུ་ཡོད་མི་ གསོ་སྐྱོང་ལྟེ་བའི་ འཛིན་སྐྱོང་འགོ་དཔོན་ ཚེ་དབང་དཔལ་འབྱོར་གྱིས་འབད་བ་ཅིན་ ཁོང་གིས་ ཕ་གླང་སྦེ་ལག་ལེན་འཐབ་མ་བཏུབ་མི་ གླང་ཚུ་བཙོང་དོ་ཡོདཔ་ཨིན་རུང་ མི་ཚུ་གིས་ ཉོ་འབག་པའི་ཤུལ་ལས་ ཤའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་འོང་ནི་མས་ཟེར་ཨིན་པས།
ཕོ་སྐྱེས་གཉིས་ལུ་ ད་ལྟོ་ ཉེས་འཛུགས་ག་བཟུམ་ཅིག་ ཕོག་ནི་ཨིན་ན་ གཏན་འཁེལ་མ་ཤེསཔ་ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment