ཁྲོམ་ལམ་སེལ་དང་ བཙོག་བཏོན་སྡེ་ཚན་ལས་ འགོ་དཔོན་སངས་རྒྱས་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་ཟླཝ་༦ གི་ནང་འཁོད་ནང་ སྣུམ་འཁོར་༢༢ ཐུག་རྐྱེན་བྱུང་མི་ལུ་བརྟེན་ ལམ་སེལ་ལས་ཁུངས་ཀྱིས་ བཟོ་སྐྲུན་འབད་མི་ མགྱོགས་ལམ་སྦུག་ལས་ སྣུམ་འཁོར་གྱི་ཐུག་རྐྱེན་དང་ མི་དང་སེམས་ཅན་ཚུ་ བཀག་ཐབས་ཀྱི་དོན་ལུ་ ལྕགས་ཁྲམ་བཙུག་སྒྲིག་འབད་མི་ཚུ་ མེད་བཏང་ནུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྣུམ་འཁོར་ཐུག་རྐྱེན་བྱུང་མི་མང་ཤོས་ར་ ནུབ་མོར་ ཆང་གིས་འགྲང་མི་དང་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ བཏང་ནི་དེ་གིས་ཨིནམ་བཞིན་དུ་ ལྕགས་ཁྲམ་རེ་ལུ་ དངུལ་ཀྲམ་༡,༧༠༠ ལྷགཔ་རེ་གནས་དོ་ཡོདཔ་ལས་ ཐིམ་ཁྲོམ་ལུ་སྡོད་མི་ སྣུམ་འཁོར་ཇོ་བདག་ཚུ་ལས་ དངུལ་ཀྲམ་༢,༩༨,༥༥༡ ལེན་ཡོད་རུང་ ལྷག་ལུས་ དངུལ་ཀྲམ་༢,༢༥,༥༡༣ ལེན་དགོཔ་ཡོད་ཟེར་ ཨིན་པས།
སྣུམ་འཁོར་ཐུག་རྐྱེན་ནང་ མེདཔ་བཏང་མི་ལྕགས་ཁྲམ་ཚུ་ ཟླ་ངོ་༣ ལས་ལྷག་རུང་ བཅོ་ཁ་རྐྱབ་མ་ཚུགས་པར་ལུས་དོ་ཡོད་མི་དེ་ཡང་ ཇོ་བདག་ལ་ལུ་ཅིག་གིས་ ཡིག་ཚང་ནང་ འོང་ཞིནམ་ལས་ བཀྲིན་བསྐྱང་དགོ་པའི་ཞུ་བ་འབད་བའི་ཁར་ ལ་ལུ་ཅིག་ལུ་ འདི་ཚུ་ ལོག་ཉམས་བཅོས་འབད་ནིའི་དོན་ལུ་ ཏི་རུ་མེད་པར་ ལཱ་ཚུ་འཕྲལ་མགྱོགས་རང་ འབད་མ་ཚུགས་པར་ཕྱིས་བཤོལ་འབད་ལུས་ཡོད་ཟེར་ཨིན་པས།
ཐིམ་ཁྲོམ་གྱི་ཁ་ཐུག་ལས་ འདི་བཟུམ་གྱི་དཀའ་ངལ་ཚུ་ལུ་བལྟ་དགོ་པའི་གནས་ཁུངས་མེདཔ་ལས་ གལ་སྲིད་ ཁོང་ར་ ཉམས་བཅོས་ཀྱི་ལཱ་འབད་མ་ཚུགས་རུང་ དངུལ་སྤྲོད་དགོཔ་ལས་ དངུལ་སྤྲོད་ནི་མེད་པ་ཅིན་ སྣུམ་འཁོར་གྱི་ཡིག་ཆ་ཚུ་ ཆ་མེད་གཏང་འོང་ཟེར་ སངས་རྒྱས་དབང་འདུས་ཀྱིས་ སླབ་ཨིན་མས།
ལག་ལེན་འདི་ཚུ་ལུ་བརྟེན་ སྤྱིར་གྱི་མཐོང་སྣང་ལུ་ མཛེས་ཆ་དང་མི་ལྡན་ནི་དེ་གིས་ ཁ་བཏང་མི་ཡང་ ཐོན་དོ་ཡོདཔ་བཞིན་དུ་ ལ་ལུ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ལྕགས་ཁྲམ་དེ་གི་ཚབ་ལུ་ ཐིམ་ཕུ་དགོངས་རྫོགས་མཆོད་རྟེན་དང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ བར་ནང་ཡོད་པའི་ རྩི་སའི་སྤག་ཅུང་བཀལ་བཞག་མི་ཚུ་བཟུམ་སྦེ་ བཟོ་བ་ཅིན་ སྣུམ་འཁོར་ཐུག་རྐྱེན་ཉུང་ནི་ཨིན་པའི་ཁར་ ཉམས་བཅོས་འབད་དགོཔ་ཡང་མི་འཐོན་ནི་མས་ཟེར་ བཤདཔ་ཨིན་པས།
སྣུམ་འཁོར་ཐུག་རྐྱེན་མར་ཕབ་རྐྱབ་ནིའི་དོན་ལུ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་དང་ ཁྲིམས་སྲུང་འགག་པའི་སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱིས་ མགྱོགས་ལམ་ཚུ་ནང་ལས་ཕར་ ཤུགས་ཚད་ལྟ་རྟོག་འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ དབྱེ་ཞིབ་འབད་དེ་ ཚུལ་མཐུན་མ་འབད་མི་ཚུ་ལུ་ ཉེས་བྱ་དང་ ཉེས་ཆད་ཚུ་ བཀལ་དོ་ཡོདཔ་ཨིན་པས།
སྣུམ་འཁོར་གཏང་མི་དང་ གཞུང་གཡོགཔ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ཟླཝ་ཚུ་ནང་ལས་ ཁྲིམས་སྲུང་འགག་པ་སྣུམ་འཁོར་བརྡ་སྟོན་སྡེ་ཚན་དང་ ལམ་འགྲུལ་ཉེས་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ཉིན་ནུབ་མེད་པར་ ཤུགས་ཚད་ལྟ་རྟོག་དང་ སྣུམ་འཁོར་གྱི་ ཡིག་ཆ་ཚུལ་མཐུན་ཡོད་མེད་བརྟག་ཞིབ་འབད་མི་ལུ་བརྟེན་ ཐུག་རྐྱེན་ཚུ་ལེ་ཤ་གིས་ མར་བབས་སོང་ཡི་ཟེར་ ཨིན་པས།
དེ་ལས་ ད་རེས་ནངས་པར་ ས་ཁྲ་བཟོ་བའི་བསྒང་ཡོད་མི་དེ་ ཁྲོམ་དཔོན་ལས་ གནང་བ་འཐོབ་པ་ཅིན་ ལྕགས་ཁྲམ་དེ་ བཤུབ་བཏང་ཞིནམ་ལས་ རྩི་སའི་སྤག་ཅུང་དང་འབྲལ་བའི་ཐབས་ལམ་གཞན་གྱི་ལཱ་ཚུ་འགོ་བཙུག་ནི་ཨིན་ཟེར་ ཁྲོམ་སྡེ་འཁོར་ལམ་དང་ བཙོག་གཡུར་སྡེ་ཚན་གྱི་འགོ་དཔོན་ སངས་རྒྱས་དབང་འདུས་བཤདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment