Pages

རྒྱ་གར་གྱི་གཞུང་ལམ་ཁར་ ཚུལ་མིན་ཁྲལ་བསྡུ་ལེན་འབད་མི་ལུ་ དོགས་སེལ་འབད་དགོཔ།

༉ རྒྱ་གར་གྱི་ ས་གནས་ཕ་ལ་ཀ་ཊ་ལས་ འབྲུག་རྒྱལ་ཁབ་ཀྱི་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཚོད་བསྲེ་ནང་འདྲེན་འབདཝ་ད་ ལམ་འགྲུལ་གྱི་ཁྲལ་མ་རྩིས་བར་ རྒྱ་གར་བེང་གཱལ་དང་ ཨཱ་སམ་གྱི་ས་མཚམས་ སི་རམ་པུར་ཟེར་ས་ལུ་ཡང་ ཁྲལ་བཏབ་དགོ་དོ་ཡོདཔ་ཨིན་པས།


ཚོད་བསྲེ་འབག་མི་ཊཱག་གི་ དེད་གཡོགཔ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སི་རམ་པུར་གྱི་ས་གནས་ཁར་ ཁྲལ་བཏབ་སྟེ་འབད་རུང་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་༥ དེ་ཅིག་གིས་ ད་རུང་ ཏི་རུ་ཚུ་ལེནམ་མས་ཟེར་ཨིན་པས།
སི་རམ་པུར་ཟེར་མི་དེ་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་གཞུང་ལམ་ཁ་ཐུག་གི་ དུས་ཡུན་ཆུ་ཚོད་༢ དེ་ཅིག་འགྲུལ་བསྐྱོད་འབད་དགོ་པའི་ ས་གནས་ཁར་ཡོདཔ་ཨིན་པས།
ཨ་སཱམ་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྣུམ་འཁོར་ཌི་སི་ཨེམ་རེ་ལས་ དངུལ་ཀྲམ་༢,༠༠༠ དང་ ༥,༠༠༠ གི་བར་ན་ བསྡུ་ལེན་འབདཝ་མས་ཟེར་ཨིནམ་ད་ འདི་བཟུམ་སྦེ་ དངུལ་བསྡུ་ལེན་འབད་དེ་ ལོ་༣ དེ་ཅིག་སོང་ཡི་ཟེར་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཚུ་གིས་བཤདཔ་ཨིན་པས།
བདུན་ཕྲག་གཅིག་གི་ཧེ་མར་ ཨ་སཱམ་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ དོས་འབག་མི་སྣུམ་འཁོར་ཊག་ཚུ་བཀག་པའི་སྐབས་ལུ་ སྣུམ་འཁོར་ལ་ལུ་ཅིག་གིས་ བཀག་མ་བཏུབ་པར་འགྱོཝ་ད་ ཁྲིམས་སྲུང་འགག་པ་ཚུ་གིས་ རྟིང་ཤུལ་བདའ་སྟེ་བཱ་ཡིཀ་བདའ་འོང་ཞིནམ་ལས་ སྣུམ་འཁོར་གུ་ རྡོ་བཀོ་སྟེ་ སྣུམ་འཁོར་གྱི་ཤེལ་ཚུ་ཡང་ དཀྲུམས་པའི་ལོ་རྒྱུས་ཡོདཔ་ཨིན་པས།
སྣུམ་འཁོར་ཌི་སི་ཨེམ་ཊཱག་༤ གི་ཇོ་བདག་ སྐྱེས་ལོ་༢༩ ལང་མི་ བློ་བཟང་གིས་འབད་བ་ཅིན་ ཁྲལ་སྤྲོད་དགོ་པའི་ས་གནས་ཚུ་ནང་ལུ་ ཁྲལ་སྤྲོད་ཚར་རུང་ ཏི་རུ་ལེན་མི་ལུ་ རྫོགས་ནི་མིན་འདུག་ཟེར་ཨིན་པས།
ལམ་ཁར་ ཏི་རུ་ལེན་མི་ ཁྲིམས་སྲུང་འགག་པ་ཚུ་ལུ་ ཁོང་ཆ་ཁྱབ་ཀྱིས་ ག་ཅི་སྦེ་ ཏི་རུ་ལེནམ་ཨིན་ན་ཚུ་གི་སྐོར་ལས་ དྲིསཝ་ད་ འབྲུག་མི་ཚུ་གིས་ ཚོད་བསྲེ་ཚུ་ རྒྱ་གར་ས་གནས་ལས་ ཉོ་འབག་ནི་དེ་གིས་ཨིན་ཟེར་ སླབ་མས་ཟེར་ཨིན་པས།
བློ་བཟང་གིས་ ཟླཝ་རེ་ནང་ ཌི་སི་ཨེམ་ཊཱག་༤ ལུ་ ཡོངས་བསྡོམས་དངུལ་ཀྲམ་༤༠, ༠༠༠ དེ་རེ་ ཁྲིམས་སྲུང་འགག་པ་ཚུ་ལུ་ སྤྲོད་དོ་ཟེར་ཨིནམ་ད་ གལ་སྲིད་ ག་དེམ་ཅིག་སྦེ་ ཏི་རུ་མ་སྤྲོད་པ་ཡར་སོ་པ་ཅིན་ རྟིང་བདའ་འོངམ་ཞིནམ་ལས་ ཧད་བཏགས་འཚོལ་ཏེ་ ཏི་རུ་མ་བྱིན་ཚུན་ སྣུམ་འཁོར་བཀག་སྟེ་ འགྱོ་མི་བཅུག་པས་ཟེར་ཨིན་པས།
ཨ་སཱམ་གྱི་ས་གནས་ལས་ཚོད་བསྲེ་བཏོན་འབག་འོང་བའི་སྐབས་ ཚོད་བསྲེ་ཊཱན་༥ ལུ་ དངུལ་ཀྲམ་༥༠༠ དེ་ ལམ་འགྲུལ་གྱི་ཁྲལ་སྦེ་བཏབ་དོ་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་ཚུ་གིས་ ལམ་ཁར་བསྒུགས་ཏེ་ ཏི་རུ་ལེན་འབག་མི་དེ་ ང་བཅས་ཚོང་འབྲེལ་འཐབ་མི་ཚུ་ལུ་ རྩ་ལས་རང་ཁེ་རྒུད་མི་བཏུབ་པས་ཟེར་ཨིན་པས།
ཊཱག་གཏང་སྡོད་མི་ཚེ་དབང་གིས་ ལོ་༢ ཀྱི་ཧེ་མ་ལས་ རྒྱལ་ཁབ་ནང་ ཚོད་བསྲེ་བཀྲམ་སྤེལ་འབད་དེ་སྡོད་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སྣུམ་འཁོར་ཊཱག་རེ་ལུ་ དངུལ་ཀྲམ་༢༠༠ ལས་བརྒལ་ལེན་ནི་མེདཔ་ཨིན་རུང་ ད་རེས་ནངས་པ་འབད་བའི་བསྒང་ལས་ དངུལ་ཀྲམ་༢,༠༠༠ དང་ ༣,༠༠༠ གི་བར་ན་ ལེན་མི་དེ་ གོང་ཚད་མཐོ་དྲག་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རང་གིས་ དཀའཝ་སྤྱད་དེ་ཚོད་བསྲེ་གི་ ཚོང་འབྲེལ་ཅིག་འཐབ་སྟེ་འབད་རུང་ འདི་ཁ་ལས་ཐོབ་མིའི་ཁེ་སང་ཚུ་ག་ར་ ཁོང་ལུ་སྤྲོད་དགོ་པས་ཟེར་ཨིནམ་ད་ ཚར་ཅིག་ ཁོ་ལུ་ དངུལ་འབག་ཤོག་ཟེར་སླབ་པའི་སྐབས་ལུ་ ཁོ་གིས་ ང་ལུ་དངུལ་མེད་ཟེར་སླབ་ལས་ སྣུམ་འཁོར་གྱི་ ལྡེ་མིག་འཕྱོག་བཞག་ཅི་ཟེར་ ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་ལུ་ ཏི་རུ་མ་བྱིན་པར་ ཡུན་རིངམོ་སྦེ་བསྒུགས་སྡོད་པའི་བསྒང་ལས་ སྣུམ་འཁོར་ནང་ཡོད་མི་ ཚོད་བསྲེ་ཚུ་ག་ར་ རུལ་ཏེ་ གྱོང་རྒུད་སྦོམ་ར་ཕོགཔ་མས་ཟེར་ཨིན་པས།
འདི་བཟུམ་གྱི་དཀའ་ངལ་བྱུང་མིའི་གནད་དོན་སྐོར་ལས་ བསམ་གྲུབ་ལྗོངས་མཁར་གྱི་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ལུ་ སྙན་ཞུ་འབད་རུང་ གྲུབ་འབྲས་ཚུ་ག་ནི་ཡང་བྱུང་མ་ཚུགས་ཟེར་ སྐྱེས་ལོ་༣༢ ལང་མི་ སྐལ་བཟང་གིས་ བཤདཔ་ཨིན་པས།
ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ ཀུན་དགའ་རྒྱལ་མཚན་གྱིས་འབད་བ་ཅིན་ གལ་སྲིད་བདེན་རྟགས་ཡོད་པ་ཅིན་ ཡིག་ཐོག་ལུ་ སྙན་ཞུ་ཚུ་བཙུགས་ཞིནམ་ལས་ རྫོང་ཁག་གི་འགོ་དཔོན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ས་མཚམས་ཀྱི་ཞལ་འཛོམས་སྐབས་ གྲོས་བསྡུར་འབད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།

No comments:

Post a Comment