Pages

སྡེ་ཚན་དྲག་ཤོས་གཉིས་ ཐད་ཀར་བཅའ་མར་གཏོགས་ཆོག་མི་ལུ་ རྩོད་འགྲན།

༉ ད་རེས་ནངས་པ་ འགོ་འདྲེན་འཐབ་ཡོད་པའི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་རྟགས་རྩེད་འགྲན་དེ་ རང་ལུགས་སྤག་ཤིང་གི་ཐོག་ལས་ རྩེད་འགྲན་འབད་མི་དེ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ ཨིན་རུང་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་ཚུ་གིས་ ལམ་ལུགས་ལུ་ ཡི་ཆེད་དང་དད་པ་ བསྐྱེད་མི་དཀོན་སུ་ཅིག་ཡོདཔ་ཨིན་པས།


ཁྱུང་སྡེ་ཚན་ལས་ རྩེད་འགྲན་པ་ བསྟན་འཛིན་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ གི་ འགྲན་བསྡུར་ནང་ལས་ ཨང་དང་པ་དང་ གཉིས་པ་ཐོན་མི་སྡེ་ཚན་གཉིསཔ་དེ་ དུས་ཅི་གི་རྩེད་འགྲན་ནང་ བཅའ་མར་གཏོགས་པའི་སྐབས་ ཤོག་གྲིལ་འཐུ་སྟེ་གདམ་ཁ་རྐྱབ་མ་དགོ་པར་ ཕྲང་སྟེ་ སྡེ་ཚན་ཀ་པ་དང་ ཁ་པའི་ནང་ རེ་རེ་བཞག་མི་དེ་ རྩ་ལས་རང་ ཁེ་རྒུད་མི་བཏུབ་པས་ཟེར་ ཨིན་པས།
དེ་ཡང་ སྡེ་ཚན་དྲག་ཤོས་གཉིསཔ་དེ་ གདམ་འཐུ་འབད་མ་དགོ་པར་ སྡེ་ཚན་རེ་རེ་ནང་བཙུགས་བཞག་པའི་བསྒང་ལས་ འདྲ་མཉམ་ཤོ་མཚུངས་སྦེ་མེད་པའི་ཁར་ རྫོང་ཁག་སོ་སོ་ཚུ་ནང་ལས་ བཅའ་མར་གཏོགས་ནིའི་དང་འདོད་ཡོད་མི་ཚུ་ཡང་ སེམས་ཁར་དོགས་སྣང་ཆགས་ཏེ་ བཅའ་མར་གཏོགས་ནི་ལས་ རྒྱབ་ཤུལ་རྐྱབ་སྡོདཔ་མས་ཟེར་ཨིན་པས།
ལམ་ལུགས་དེ་གིས་ མ་འོངས་ཡུན་རིང་ལུ་ རང་ལུགས་སྤག་ཤིང་གི་མདའ་གཞུའི་ཐོག་ལས་ ཉམས་སྲུང་འབད་དེ་ཡར་རྒྱས་གཏང་ཐབས་ཀྱི་དམིགས་ཡུལ་ཚུ་ གྲུབ་ཚུགས་ནི་ལཱ་ཁག་འོང་ནི་ཨིནམ་ལས་ བསྒྱུར་བཅོས་འབད་དགོ་འདུག་ཟེར་ རྩེད་འགྲན་པ་ཅིག་གིས་བཤདཔ་ ཨིན་པས།
བཅའ་མར་གཏོགས་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ རང་ལུགས་ཀྱི་ མདའ་གཞུ་ཐོག་གི་ རྩེད་འགྲན་དེ་ཡང་ ཕྱི་རྒྱལ་གྱི་ མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་དོ་བཟུམ་སྦེ་ ལིག་སྐོར་ཐེངས་ཚུ་གསར་བཙུགས་ཐོག་ལས་འགོ་འདྲེན་འཐབ་པ་ཅིན་ སྤྲོ་བ་བསྐྱེད་མི་ཐོན་འོང་ཟེར་ཨིན་པས།
འབྲུག་མདའ་རྩེད་ཚོགས་པའི་འགོ་འདྲེན་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་བསྟར་བཞིན་དུ་ དྲག་ཤོས་ཐོན་མི་གཉིསཔ་དེ་ ཤོག་གྲིལ་འཐུ་མ་དགོ་པར་ ད་ལྟོའི་ལམ་ལུགས་ཐོག་ལུ་རང་ ལག་ལེན་འཐབ་སྟེ་ཡོད་ཟེར་ཨིན་མས།
ཨིན་རུང་ མདའ་རྩེདཔ་ཚུ་གིས་བསམ་འཆར་བཀོད་དོན་ལྟར་ ཤུལ་ལས་ འབྲུག་མདའ་རྩེད་ཚོགས་པའི་ ཚོགས་ཆུང་ནང་ གྲོས་བསྟུན་འབད་འོང་ཟེར་ཨིན་རུང་ ལིག་སྐོར་ཐེངས་ཀྱི་ཐོག་ལས་རྩེད་ནིའི་ལམ་ལུགས་དེ་ ཧེ་མ་ལས་མེདཔ་བཞིན་དུ་ ཤུལ་ལས་འབད་རུང་ ལེགས་བཅོས་འབད་དགོཔ་མིན་འདུག་ཟེར་ ཨིན་པས།
ང་བཅས་རའི་རྒྱལ་ཡོངས་ཀྱི་ རྩེདམོ་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་ཐོག་ལས་ རྩེད་འགྲན་ འགོ་འདྲེན་འཐབ་པའི་སྐབས་ སྤྲོ་བ་ཡོད་མི་རྩེད་འགྲན་པ་ཚུ་ལུ་ གཞུང་གཡོག་ལས་འཛིན་ སྒེར་སྡེའི་ཡིག་ཚང་ཚུ་ནང་ལས་ ངལ་གསོ་གནང་ཐབས་ཡོད་པ་ཅིན་ ཉམས་སྲུང་ལུ་ ཕན་ཐབས་འོང་ནི་ཨིན་མས་ཟེར་ཨིན་པས།
ལས་རིམ་གྱི་ དྲང་དཔོན་ རྡོ་རྗེ་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གསོལ་རས་ཚུ་ད་ལྟོ་ཚུན་ལུ་ འོས་འཚམས་དང་ལྡན་སྦེ་གནང་བཞིན་དུ་རང་ཡོད་ཟེར་ ཨིན་པས།
གཞུང་གི་ཡིག་ཚང་ཚུ་ནང་ ཧེ་འབད་བ་ཅིན་ རྒྱལ་ཡོངས་རྩེདམོ་ཉམས་སྲུང་འབད་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་ཚུ་ གནང་སྲོལ་ཡོདཔ་རུང་ ད་རེས་ནངས་པ་ལམ་ལུགས་དེ་ བསྒྱུར་བཅོས་སོང་ཡོདཔ་ལས་ བྱ་སྟབས་མ་བདེ་བའི་དཀའ་ངལ་འདུག་ཟེར་ བཀོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:

Post a Comment