Pages

མགྱོགས་ཚད་བལྟ་ནིའི་ ལམ་ལུགས་གསརཔ་ཅིག་ འགོ་བཙུག་ནི།

ན་ཧིང་ སྣུམ་འཁོར་ཡོངས་བསྡོམས་༡༡༡,༦༤༦ ལུ་ ཉེས་ཆད་དངུལ་ཀྲམ་༣༨,༦༧,༨༠༠ བཀལ་ཡོདཔ།



༉ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱིས་ སྣུམ་འཁོར་ཚུ་ ཐུག་རྐྱེན་ལས་ བཀག་ཐབས་འབད་ནིའི་དོན་ལུ་ འཕྲལ་མགྱོགས་ར་ ཐིམ་ཕུ་ལས་ དབང་འདུས་ཕོ་བྲང་དང་ སྤ་རོའི་བར་ན་ སྣུམ་འཁོར་ཚུ་གི་ མགྱོགས་ཚད་བལྟ་ནིའི་དོན་ལུ་ ཤོག་འཛིན་སྤྲོད་ནིའི་ལམ་ལུགས་ཅིག་ འགོ་བཙུག་ནི་ཨིན་པས།


ལམ་ལུགས་དེ་ འགོ་བཙུག་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་གསརཔ་ ལྷོད་མི་ཚུ་ལུ་ སྦྱོང་བརྡར་བྱིན་པའི་བསྒང་ཡོདཔ་ད་ ལམ་ལུགས་དེ་ འཕྲལ་ར་ འགོ་བཙུག་ཚུགས་པའི་ རེ་བ་ཡོད་ཟེར་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ འགོ་དཔོན་གྱིས་ སླབ་ཨིན་པས།
ལམ་ལུགས་དེ་ནང་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་ཚུ་གིས་ སེམས་རྟོགས་ཁ་ལས་ དབང་འདུས་ཕོ་བྲང་ལུ་འགྱོ་མི་ སྣུམ་འཁོར་ཚུ་ ནམ་འགྱོཝ་ཨིན་ནའི་ དུས་ཚོད་བཀོད་དེ་ ཤོག་འཛིན་སྤྲོད་ཞིནམ་ལས་ ལོད་སྦིས་ས་ལུ་ལྷོདཔ་ད་ ཁྲིམས་སྲུང་འགག་པ་ཚུ་གིས་ ཤོག་འཛིན་ཚུ་ལེན་ཏེ་ དུས་ཡུན་ག་དེམ་ཅིག་འགོར་ནུག་ག་ བལྟ་ནི་ཨིན་པས།
དེ་བཟུམ་སྦེ་ དབང་འདུས་ལས་ ཐིམ་ཕུ་ལུ་འོང་མི་ སྣུམ་འཁོར་ཚུ་ཡང་ དབང་འདུས་ཀྱི་ སྣུམ་འཁོར་བརྡ་སྟོན་འབད་མི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྣུམ་འཁོར་དེད་གཡོགཔ་ཚུ་ལུ་ ཤོག་འཛིན་སྤྲོད་བཏང་མི་དེ་ སེམས་རྟོགས་ཁ་ལུ་སྡོད་མི་ ཁྲིམས་སྲུང་འགག་པ་ཚུ་ལུ་ སྤྲོད་དགོཔ་ཨིནམ་ད་ རྫོང་ཁག་༢ ཀྱི་བར་ན་ དུས་ཡུན་ག་དེམ་ཅིག་ འགོརཝ་ཨིན་ན་ དུས་ཚོད་གསལ་བཀོད་འབད་མི་ལས་ ཧེ་མ་ལྷོད་པ་ཅིན་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་བའི་ ཉེས་བྱ་ཕོག་ཟེར་ཨིན་པས།
དཔེ་འབད་བ་ཅིན་ ཐིམ་ཕུ་ལས་ དབང་འདུས་ཕོ་བྲང་ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་༢:༣༠ དེ་ཅིག་ འགོར་དོ་ཡོདཔ་ལས་ གལ་སྲིད་ དུས་ཡུན་དེ་གི་ཧེ་མར་ ལྷོད་པ་ཅིན་ ཉེས་བྱ་ཕོག་ནི་ཨིན་པས།
ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལམ་ལུགས་དེ་ འགོ་བཙུགས་པའི་སྐབས་ལུ་ སྣུམ་འཁོར་ཆེ་བ་དང་ བར་མ་ཚུ་ལུ་ གཙོ་བོར་བཏོན་ནི་ཨིནམ་ད་ དེ་གི་ཤུལ་ལས་ འགྲུལ་སྐྱེལ་བཱསི་དང་ སྣུམ་འཁོར་ཆུང་བ་ཚུ་ ལྟ་རྟོག་འབད་ནི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྣུམ་འཁོར་ཤུགས་ཚད་ཀྱི་ ལྟ་རྟོག་ལམ་ལུགས་དེ་ འགྲོས་ཀྱིས་སྦེ་ རྫོང་ཁག་གཞན་ཚུ་ནང་ཡང་ ལག་ལེན་འཐབ་ནི་ཟེར་ཨིན་པས།
སྤ་རོ་ལུ་འབད་བ་ཅིན་ ཤོག་འཛིན་སྤྲོད་སའི་ས་གོ་དེ་ བོང་སྡེ་ལུ་ མ་ལྷོདཔ་ཅིག་ཁར་ ཧེ་མའི་ ཌཱན་ཊཱག་ལས་འགུལ་གྱི་ ཡིག་ཚང་རྙིངམ་གི་སྦོ་ལོགས་ཁར་ བཙུག་ནི་ཨིན་ཟེར་ཨིན་པས།
ད་རེས་ ལག་ལེན་འཐབ་པའི་བསྒང་ཡོད་མི་ ཀྲོབ་མདའ་བཟུམ་མའི་ སྣུམ་འཁོར་གྱི་ མགྱོགས་ཚད་ལྟ་རྟོག་འབད་ནི་དེ་ གསརཔ་ཅིག་མེན་རུང་ འདས་པའི་ལོ་ཚུ་ནང་ སྣུམ་འཁོར་གྱི་རྐྱེན་ངན་ ལེ་ཤ་མ་བྱུང་ནི་དེ་གིས་ ལག་ལེན་མ་འཐབ་པར་ བཞག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ ཟླཝ་རེ་ནང་ རྒྱལ་ཡོངས་སྣུམ་འཁོར་ཞིབ་དཔྱད་ལས་རིམ་ ཐེངས་༣ རེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ན་ཧིང་ རྒྱལ་ཡོངས་སྣུམ་འཁོར་ཞིབ་དཔྱད་སྐབས་ སྣུམ་འཁོར་ཡོངས་བསྡོམས་༡༡༡,༦༤༦ ལུ་ ཉེས་ཆད་དངུལ་ཀྲམ་༣༨,༦༧,༨༠༠ བསྡུ་ལེན་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment