Pages

ལོ་༥ འི་འཆར་གཞི་༡༡ པའི་ལམ་སྟོན་ནང་ རང་མགོ་རང་འདྲོངས་ལུ་ གཙོ་བོར་བཏོན་ནི།

༉ ལོ་༥ འི་འཆར་གཞི་༡༡ པའི་དོན་ལུ་ མ་དངུལ་ དངུལ་ཀྲམ་དུང་ཕྱུར་༢༠༡ བགོ་བཀྲམ་འབད་ནི་ཨིན་མི་དེ་ འཆར་གཞི་༡༠ པ་དང་ཕྱདཔ་ད་ 
མ་དངུལ་ཐེབས་ བགོ་བཀྲམ་འབད་མི་དེ་ རྒྱལ་ཁབ་ཀྱི་དམིགས་ཡུལ་ རང་མགོ་རང་འདྲོངས་འགྲུབ་ནི་དང་ དཔལ་འབྱོར་གྱི་གནས་ཚད་ ཡར་དྲག་གཏང་ནིའི་དོན་ལུ་ཨིན་ཟེར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ བཟོ་བཀོད་འབད་མི་ ལོ་༥ འི་འཆར་གཞི་༡༡ པའི་ ལམ་སྟོན་ནང་ བཀོད་ཡོདཔ་ཨིན་པས།


ལམ་སྟོན་དང་འཁྲིལཝ་ད་ རང་མགོ་རང་འདྲོངས་དེ་ སྤྱི་ལོ་༢༠༡༨ ལས་ རྒྱལ་ཁབ་མཐའ་དབུས་མེད་པའི་གཡུས་ཚན་ ག་རའི་ནང་ གོང་འཕེལ་གྱི་ལཱ་ཚུ་ གཞན་ཁ་ལས་ གཞུང་འབྲེལ་གྱི་རྒྱབ་སྐྱོར་ ལེན་མ་དགོཔ་སྦེ་ བསྒྲུབ་ཚུགསཔ་འབད་ནི་དེ་ ཨིན་ཟེར་ཨིནམ་ད་ གོང་འཕེལ་ལཱ་གི་ དམིགས་གཏད་ངོ་མ་ར་ རྒྱུ་ནོར་ཡོད་མི་དང་ མེད་མིའི་བར་ན་ ས་སྟོང་ཡོད་མི་དེ་ མར་ཕབ་རྐྱབ་ནི་དང་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་ དེ་ལས་ མི་སྡེའི་གནས་ཚད་ སྤུས་ཚད་ཅན་བཟོ་ནི་དེ་ཨིན་པས།
ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ འཆར་གཞི་༡༡ པའི་དམིགས་གཏད་ ཨང་དང་པ་དེ་ མི་སྡེའི་དཔལ་འབྱོར་ཡར་དྲག་གཏང་ནི་དང་ དེའི་ཤུལ་ལས་ བཙོག་རླུང་མར་ཕབ་རྐྱབ་སྟེ་ རང་བཞིན་དང་ལྡནམ་བཟོ་ནིའི་ དམིགས་གཏད་༣ པ་ རང་ལུགས་སྔར་སྲོལ་དང་ རྒྱལ་ཁབ་ཀྱི་ངོ་རྟགས་གོང་འཕེལ་གཏང་ནི་ དེ་ལས་ དམིགས་ཡུལ་༤ པ་དེ་ ལེགས་ལྡན་གཞུང་སྐྱོང་ རྒྱ་བསྐྱེད་གཏང་ནི་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལམ་སྟོན་བཟོ་དགོ་པའི་ དམིགས་དོན་དེ་ཡང་ ལྷག་ཁག་དང་ ལས་སྡེ་ དེ་ལས་ ཡིག་ཚང་ཚུ་གིས་ འཆར་གཞི་༡༡ པའི་དོན་ལུ་ ད་ལྟོ་ལས་ར་ གྲ་སྒྲིག་འབད་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ བརྒྱ་ཆ་༩.༢ ཡོད་མི་དེ་ འཆར་གཞི་༡༡ པའི་ནང་ གདོང་ལེན་འབད་ནི་ཨིནམ་བཞིན་དུ་ ཨམ་སྲུ་ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་དེ་ གནད་དོན་གཙོ་ཅན་ཅིག་སྦེ་ ལཱ་འབད་ནི་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༡ གི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ ཨམ་སྲུ་སྐྱེས་ལོ་༡༥ དང་༡༩ གི་བར་ན་ ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༧.༦ དང་ སྐྱེས་ལོ་༢༠ དང་༢༤ གྱི་བར་ན་ བརྒྱ་ཆ་༡༢.༡ འདུག་ཟེར་ཨིན་པས།
འཆར་གཞི་༡༠ པའི་ནང་ རྒྱུན་སྐྱོང་ཟད་འགྲོ་དང་ རྒྱུ་དངོས་མཁོ་སྒྲུབ་ཀྱི་ ཟད་འགྲོ་དེ་ འདྲན་འདྲ་བཏང་ཡོད་རུང་ འཆར་གཞི་༡༡ པའི་ནང་ རྒྱུན་སྐྱོང་གི་ཟད་འགྲོ་དེ་ བརྒྱ་ཆ་༦༥ དེ་ཅིག་ ཡར་སེང་འགྱོ་ནིའི་ མངོན་རྟགས་བྱུང་ཡོདཔ་ད་ དེ་ཡང་ འཆར་གཞི་༡༠ པའི་དོན་ལུ་ གཞི་རྟེན་མཁོ་ཆས་བསྒྲུབས་མི་ཚུ་ བཅོ་ཁ་རྐྱབ་པའི་སྐབས་ ཟད་འགྲོ་གཏང་དགོཔ་འཐོན་ནི་མས་ཟེར་ཨིན་པས།
དེ་ལས་ སློབ་གྲྭ་དང་ སློབ་སྦྱོང་སྤེལ་ཁང་ ལཱ་གཡོག་ལས་སྡེ་ དེ་ལས་ སྲིད་དོན་ནང་ ཨམ་སྲུ་ཚུ་གིས་ ཕོ་སྐྱེས་དང་ འདྲ་མཉམ་འབད་ བཅའ་མར་གཏོགས་ཚུགས་ནིའི་དོན་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་ཟེར་ཨིནམ་ད་ དེའི་དོན་ལུ་ ལམ་ལུགས་དང་ ལས་སྣ་ཚུ་ནང་ ཕོ་མོ་འདྲ་མཉམ་གྱི་ དགོངས་དོན་ཚུ་བཙུག་ནི་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ དེ་ལས་ བསམ་རྩེ་ཚུ་ སྒེར་སྡེ་གོང་འཕེལ་གྱི་ ས་ཁོངས་ཅིག་སྦེ་ ངོས་འཛིན་འབད་ནི་ཟེར་ཨིནམ་ཚད་ དགེ་ལེགས་ཕུག་དང་ ངང་ལམ་ དེ་ལས་ ཕུན་ཚོགས་གླིང་ལུ་ གནམ་གྲུ་དང་ མཚོ་ཐོག་བཏོན་པའི་ ཅ་ཆས་ཚུ་ བསྡུ་བསྒྱོམ་དང་ སྐྱེལ་འདྲེན་འབད་བའི་ ས་ཁོངས་བཟོ་ནི་ཟེར་ཨིན་པས།
དེ་ལས་ རྒྱལ་ཁབ་ནང་ གོང་འཕེལ་འདྲ་མཉམ་ གཏང་ནིའི་དོན་ལུ་ ཐིམ་ཕུ་ལུ་ གཞུང་ལྟེ་བ་དང་ སྤ་རོ་ལུ་ ལས་འཛིན་གྱི་ལྟེ་བ་ བུམ་ཐང་ལུ་ ལམ་སྲོལ་གྱི་ལྟེ་བ་ བཀྲིས་སྒང་ལུ་ ཤེས་རིག་གི་ལྟེ་བ་ དེ་ལས་ མོང་སྒར་ལུ་ སོ་ནམ་ཐོན་སྐྱེད་ལྟེ་བ་ བཟོ་ནི་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ གྲོང་གཡུས་ལས་ ཁྲོམ་ཁར་གནས་སྤོ་འོང་མི་དེ་ དཀའ་ངལ་ཅན་ཅིག་ཨིནམ་བཞིན་དུ་ ཐིམ་ཕུ་ལུ་ མི་རློབས་༣༩,༧༧༠ དང་ ཆུ་ཁ་ལུ་༡༥,༤༨༠ དེ་ལས་ སྤ་རོ་ལུ་༧,༣༧༧ ཡོད་མི་དེ་ རྫོང་ཁག་གཞན་དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིནམ་ལས་ འཆར་གཞི་༡༡ པའི་ནང་ རྫོང་ཁག་གཅིག་ལས་གཅིག་ནང་ གནས་སྤོ་འགྱོ་ནི་དེ་ བཀག་ཐབས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ད་རེས་ དབུལ་ཕོངས་ཀྱི་དཀའ་ངལ་ བརྒྱ་ཆ་༢༣.༢ ཡོད་མི་དེ་ འཆར་གཞི་༡༡ པའི་ནང་ལས་ བརྒྱ་ཆ་༡༥ ལུ་ མར་ཕབ་རྐྱབ་ནི་ལུ་གཙོ་བོར་བཏོན་ནི་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment