Pages

རྒུད་འཐུས་སྤྲོད་ནིའི་དོན་ལུ་ མ་དངུལ་ལང་མ་ཚུགས་པའི་དཀའ་ངལ།

ཀེ་བའི་ཞིང་ནང་འཛུལ་མི་ རི་ཕག་ཚུ།
༉ རི་དྭགས་སེམས་ཅན་གྱིས་ སྒོ་ནོར་སེམས་ཅན་དང་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མིའི་ གནད་དོན་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ད་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ རི་དྭགས་སེམས་ཅན་ཚུ་གིས་ གྲོང་གཡུས་མི་སེར་ བརྒྱ་ཆ་༨༠ དེ་ཅིག་ལུ་ དཀའ་ངལ་བྱིནམ་ཨིན་པས།

རང་བཞིན་གནས་སྟངས་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་ནི་དེ་གིས་ ལོ་བསྟར་བཞིན་དུ་ ས་ཞིང་ཨེ་ཀར་ལས་བཅད་དེ་ ཐོག་བསྡུ་མ་བཏུབ་བཟོཝ་མ་ཚད་ ནུབ་མོ་ཡང་ ཞག་ཉལ་ནི་མེད་པར་ ལོ་ཐོག་སྲུང་སྡོད་དགོཔ་ ཐོནམ་མས་ཟེར་ཨིན་པས།
ཐོ་བཀོད་དང་འཁྲིལཝ་ད་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མི་ གཙོ་བོ་ར་ གླངམོ་ཆེ་དང་ རི་ཕག་ ཀ་ཤ་ དེ་ལས་ སྤྱ་ཚུ་ཨིནམ་ད་ དེ་བཟུམ་མའི་ དཀའ་ངལ་ལུ་བརྟེན་ མི་སེར་སོ་ནམ་པ་ མང་ཤོས་ར་ ཞིང་ལཱ་བཀོག་བཞག་སྟེ་ ས་གནས་གཞན་ཁར་ གནས་སྤོ་འགྱོཝ་མས་ཟེར་ ནགས་ཚལ་གཙོ་འཛིན་ བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།
ད་རེས་ནངས་པ་ གྲོང་གཡུས་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཏེ་ཨིན་པའི་ ངོས་འཛིན་འབད་ཡོདཔ་ད་ མི་མང་ཤོས་ཅིག་གིས་ ལཱ་འབད་འཕྲོ་ བཀོག་བཞག་སྟེ་ ཁྲོམ་ཁར་འགྱོ་དོ་ཡོདཔ་ཨིན་པས།
ནགས་ཚལ་གཙོ་འཛིན་གྱིས་ འབད་བ་ཅིན་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་མི་ ཡར་སེང་འགྱོ་དགོ་པའི་ རྒྱུ་རྐྱེན་ཅིག་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་དང་ ནགས་ཚལ་སྲུང་སྐྱོབ་ཀྱི་སྲིད་བྱུས་ སྒྲིང་སྒྲིང་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིནམ་ད་ དེ་ཡང་ རི་དྭགས་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་པ་ཅིན་ ཉེས་ཆད་བཀལ་བའི་ཁར་ བཙོན་ཁྲིམས་ཕོག་ནི་དེ་གིས་ ཨིན་ཟེར་ཨིན་པས།
ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མི་ལུ་ གཞུང་གིས་ སོན་རིགས་ཚུ་མ་གཏོགས་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ འབད་ནི་མེདཔ་ཨིན་པས།
དེ་འབདཝ་ད་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་བ་ཅིན་ གཞུང་གིས་ རྒུད་འཐུས་དུམ་གྲ་རེ་ གནང་སྲོལ་ཡོད་རུང་ དེ་གིས་ ལང་མི་ཚུགས་དོ་ཡོདཔ་ད་ གཞུང་གིས་ ལོ་རེ་ནང་ དངུལ་ཀྲམ་འབུམ་༥ དང་༧ གྱི་བར་ན་ གནང་མི་དེ་གིས་ རྫོང་ཁག་༢༠ ཆ་མཉམ་ལུ་ ཁྱབ་མི་ཚུགས་པས་ཟེར་ བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།
ཧེ་མ་འབད་བ་ཅིན་ རི་དྭགས་སེམས་ཅན་ཚུ་གི་ གླང་༡ བསད་པ་ཅིན་ དེའི་རྒུད་འཐུས་ དངུལ་ཀྲམ་༧,༠༠༠ དང་༨,༠༠༠ ཀྱི་བར་ན་ སྤྲོད་སྲོལ་ཡོད་མི་དེ་ ད་རེས་ནངས་པ་ དངུལ་ཀྲམ་༡༢,༠༠༠ དེ་ཅིག་ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
མ་གཞི་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་པའི་ཐོ་ ལེགས་ཤོམ་སྦེ་ བསྡུ་སྒྲིག་འབད་དེ་མེད་རུང་ རི་དྭགས་སེམས་ཅན་སྲུང་སྐྱོབ་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལོ་རེ་ནང་ སེམས་ཅན་བརྒྱ་ལྷགཔ་ཅིག་ལུ་ གནོད་སྐྱོན་ རྐྱབ་དོ་འོང་ཟེར་ཨིན་པས།
རྒུད་འཐུབ་སྤྲོད་ནིའི་དོན་ལུ་ རང་བཞིན་གནས་སྟངས་སྲུང་སྐྱོབ་སྡེ་ཚན་གྱིས་ རྒྱལ་སྤྱི་རང་བཞིན་གནས་སྟངས་ཡིག་ཚང་ཚུ་དང་ གཞུང་མིན་ཚོགས་པ་ དེ་ལས་ ལས་སྡེ་ཚུ་ལས་ མ་དངུལ་གྱི་ རྒྱབ་སྐྱོར་ལེན་དོ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ མ་གཞི་ ཡིག་ཚང་ལུ་ རྒུད་འཐུས་མ་དངུལ་ དངུལ་ཀྲམ་ས་ཡ་༦ དེ་ཅིག་ གསོག་འཇོག་འབད་ཡོད་རུང་ ཧེ་མ་ རྒུད་འཐུས་སྤྲོད་མི་ཚུའི་ སྐྱིན་ཚབ་སྤྲོད་པའི་བསྒང་ཡོདཔ་ལས་ ད་ལྟོ་ མ་དངུལ་ཡོད་མི་དེ་གིས་ ལང་མི་ཚུགས་པས་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་གཙོ་འཛིན་གྱིས་འབད་བ་ཅིན་ རྒུད་འཐུས་མ་དངུལ་དེ་ འགོ་དང་པ་ ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་མཆོག་གིས་ དངུལ་ཀྲམ་འབུམ་༡ གནང་མི་དེ་ གསོག་འཇོག་འབད་ཐོག་ མ་རྩ་བཟོ་ཡི་ཟེར་ཨིན་པས།
དེ་འབདཝ་ད་ མི་ལ་ལུ་གིས་ སླབ་མིའི་ནང་ རྒུད་འཐུས་མ་དངུལ་དེ་ འཇམ་ཏོང་ཏོ་སྦེ་ མི་ཐོབ་པས་ཟེར་ཨིནམ་ད་ དེ་ཡང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་པའི་སྐོར་ལས་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་དེ་ ཟླཝ་ལང་སོ་རུང་ མ་དངུལ་ལྷོད་ནི་མེད་ཟེར་ཨིནམ་ད་ གལ་སྲིད་ ཁོང་གིས་ རི་དྭགས་སེམས་ཅན་༡ ལུ་ གནོད་སྐྱོན་རྐྱབ་པ་ཅིན་ དེ་འཕྲོ་ལས་ ཞིབ་དཔྱད་འབད་དེ་ ཉེས་བྱ་བཀལཝ་མས་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ དུས་ཚོད་ཁར་ རྒུད་འཐུས་སྤྲོད་མ་ཚུགས་མི་དེ་ རྐྱེན་ངན་གྱི་སྐོར་ལས་ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་བའི་སྐབས་ དུས་ཚོད་ལེ་ཤ་ འགོར་ནི་དེ་གིས་ཨིན་ཟེར་ཨིནམ་ད་ དེ་མིན་ ག་ཐོབ་འབད་ རྒུད་འཐུས་སྤྲོད་པ་ཅིན་ ལ་ལུ་ཅིག་གིས་ རྐྱེན་ངན་བྱུང་བྱུངམ་མེད་རུང་ བྱུང་ཡི་ཟེར་ སླབ་མི་ཡང་ འཐོན་ནིའི་ཉེན་ཁ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment