Pages

ཉིནམ་གཉིས་པའི་ནང་ ཁྱུང་སྡེ་ཚན་གྱིས་ ལྷ་དབང་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ།

ལྕང་གླིང་མི་ཐང་གི་མདའ་རྩེད་ཐང་ནང་ མི་ཚུ་གིས་ མདའ་རྩེད་ལུ་ སྤྲོ་སྣང་ཐོག་ལས་ བལྟ་བའི་བསྒང་།

༉ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རང་ལུགས་སྤག་ཤིང་ཐོག་ལུ་ མདའ་རྩེད་འགྲན་བསྡུར་འབད་མི་དེ་ རེས་གཟའ་ཟླ་བ་ལུ་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ ཁྱུང་སྡེ་ཚན་གྱིས་ ལྷ་དབང་སྡེ་ཚན་ ཕམ་བཏང་སྟེ་ མཐའ་བཅད་འགྲན་བསྡུར་འོག་མའི་ནང་ལྷོད་ཅི།


སྡེ་ཚན་གཉིས་ཀྱིས་ ཉིནམ་དང་པའི་ནང་ སྐུགས་རེ་རེ་ཆོད་པའི་ཤུལ་ལུ་ དུས་ཚོད་ཚང་སོང་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ཁ་ཙ་ རྩེད་འགྲན་འཕྲོ་མཐུད་དེ་ འགོ་འདྲེན་འཐབ་ད་ ཁྱུང་སྡེ་ཚན་གྱིས་ བཀག་རེག་དང་ མདའ་ཡ་ལེ་ཤ་རྐྱབ་རུང་ བྱང་ཕྱད་ཀྱིས་ དོ་འགྲན་ འདྲ་མཉམ་འབད་མ་ཚུགས་ནི་དེ་གིས་ སྐོར་ཐེངས་གཅིག་ནང་ར་ སྐུགས་༡༥ སྟབས་ཅིག་ཁར་ཐོབ་ཅི།
མདའ་རྩེད་འགྲན་བསྡུར་འབད་སར་ ཨ་རྒས་ཚུ་གིས་ དྲོ་པ་ལས་ལྟདམོ་བལྟ་བར་འོང་སྟེ་ རྩེད་འགྲན་ཚུ་ ཧེ་མའི་ལམ་ལུགས་དང་གཅིག་མཚུངས་འབད་དོ་ཡོད་མེད་ ཁོང་ར་ནང་འཁོད་ལོ་རྒྱུས་སླབ་ ཁ་བཤད་བཏང་སྦེ་སྡོདཔ་ཨིན་པས།
སྡེ་ཚན་གཉིས་ཀྱི་བར་ནང་ ཕན་ཚུན་དོ་འགྲན་འབད་དེ་ ཡུདཔ་ཅིག་ལས་ ལྷ་དབང་སྡེ་ཚན་གྱིས་སྐུགས་༨ ཐོབ་ད་གཞན་མི་སྡེ་ཚན་གིས་ སྐུགས་༢༢ ལུ་ལྷོད་ཅི།
ལྟདམོ་ལྟ་མི་ལ་ལུ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ས་ལྟེ་བ་ལུ་ རྐྱངམ་གཅིག་ རྩེད་འགྲན་དེ་ འགོ་འདྲེན་འཐབ་ནི་མིན་པར་ རྫོང་ཁག་༢༠ ག་རའི་ནང་ཡང་ འདི་བཟུམ་སྦེ་ འགོ་འདྲེན་འཐབ་ཚུགས་པ་ཅིན་ བཅའ་མར་གཏོགས་མི་ མང་སུ་འཐོན་ནི་ཨིནམ་མ་ཚད་ ན་གཞོན་ཚུ་གིས་ རང་ལུགས་ཀྱི་མདའ་རྩེད་ལུ་ སྤྲོ་བ་བསྐྱེད་འོང་ཟེར་ཨིན་པས།
ཁྱུང་སྡེ་ཚན་གྱིས་ ཆུ་ཚོད་༡༡ དེ་ཅིག་ཁར་སྐུགས་༢༥ ཐོབ་སྟེ་ ལྷ་དབང་སྡེ་ཚན་ཕམ་བཏང་ཐོག་ལས་ མཐའ་བཅད་འོག་མའི་ནང་ ལྷོད་ཡོདཔ་ཨིན།
ད་རིས་ འབྲུག་སྐྱབས་ཆ་བཟོ་སྐྲུན་དང་ དྲི་སི་པི་སི་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment