དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ལྟ་རྟོག་དང་ དབྱེ་ཞིབ་ཞལ་འཛོམས་ནང་ གསུང་བཤད་གནང་པའི་བསྒང་། |
ཐིམ་ཕུ་ལུ་ཡོད་པའི་ སཱག་གོང་འཕེལ་མ་དངུལ་གྱི་ དྲུང་ཆེན་ཡིག་ཚང་ལས་ མདོ་ཆེན་སུ་ནིལ་ མོ་ཏི་ཝཱལ་གྱིས་འབད་བ་ཅིན་ ལས་འགུལ་གྱི་ ས་ཁོངས་གསརཔ་༢ པོ་དེ་ དུས་ཅི་ ལོ་མཇུག་བསྡུ་ཁམས་ཅིག་ལས་ འགོ་བཙུག་ནི་ཟེར་ཨིནམ་ད་ གཞུང་སྐྱོང་ཚོགས་སྡེའི་ བཀོད་ཚོགས་ཞལ་འཛོམས་དེ་ཡང་ སཱག་རྒྱལ་ཁབ་ཀྱི་ དངུལ་རྩིས་བློན་པོ་༨ ཀྱི་བར་ན་ འཚོགས་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་དང་གཅིག་ཁར་ སཱག་གོང་འཕེལ་མ་དངུལ་གྱིས་བཙུགས་མི་ གྲོས་གཞི་ལྟར་དུ་ ད་ལས་ཕར་ སཱག་གོང་འཕེལ་མ་དངུལ་དེ་ ལུང་ཕྱོགས་རྒྱལ་སྤྱིའི་དངུལ་ཁང་སྦེ་ ཆ་འཇོག་གྲུབ་ཡོདཔ་ལས་ མ་དངུལ་རྒྱབ་སྐྱོར་གྱི་ ས་ཁོངས་གསརཔ་དེ་༢ འགོ་བཙུགས་མི་དང་གཅིག་ཁར་ འགྲོས་ཀྱིས་སྦེ་ ལུགས་ཕྱོགས་ནང་ སྐྱིན་འགྲུལ་ཚུ་ཡང་ བྱིན་ནི་ཨིན་ཟེར་ཨིན་པས།
སུ་ནིལ་ མོ་ཏི་ཝཱལ་གྱིས་འབད་བ་ཅིན་ མ་དངུལ་གྱིས་ ལུང་ཕྱོགས་རྒྱལ་སྤྱིའི་དངུལ་ཁང་སྦེ་ ལཱ་འབད་ནིའི་དོན་ལུ་ ད་ལྟོ་ རྒྱལ་སྤྱིའི་ལས་ཚོགས་ འཛམ་གླིང་དངུལ་ཁང་དང་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ཚུ་དང་གཅིག་ཁར་ ཁ་སླབ་པའི་བསྒང་ཡོདཔ་མ་ཚད་ ལས་སྡེ་ཚུ་གིས་ མ་དངུལ་དང་ མཉམ་འབྲེལ་གྱི་ལཱ་འབད་ནིའི་དོན་ལུ་ ཆིངས་ཡིག་ཚུ་ཡང་ བཟོ་ནི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་ལྟོ་ མ་དངུལ་གྱིས་ མི་སྡེ་གོང་འཕེལ་གྱི་ ལས་འགུལ་འོག་ལུ་ ལས་འགུལ་༦ ཡོད་ས་ལས་ ཨམ་སྲུ་ཚུ་ ལྕོགས་གྲུབ་ཅན་བཟོ་ནི་དང་ གསོ་བའི་ལས་འགུལ་ཚུ་ འགོ་བཙུགས་ཡོདཔ་ཨིན་རུང་ གཞན་མི་ སོ་ནམ་དང་ ཤེས་རིག་ གློག་རིག་གཞུང་སྐྱོང་ དེ་ལས་ ཨ་ལུ་ཚུ་ལུ་ རྩུབ་སྤྱོད་བཀག་ཐབས་ཀྱི་ལས་འགུལ་ཚུ་ འགོ་བཙུགས་རན་ཁར་ ལྷོད་དེ་ཡོདཔ་བཞིན་དུ་ ལས་འགུལ་དེ་ཚུའི་དོན་ལུ་ ཟད་འགྲོ་མ་དངུལ་ ཡུ་ཨེསི་ཌོ་ལར་ས་ཡ་༧༠ བཞག་སྟེ་ ཡོད་ཟེར་ཨིན་པས།
སུ་ནིལ་ མོ་ཏི་ཝཱལ་གྱིས་ སླབ་མིའི་ནང་ ད་རེས་ བགོ་བཀྲམ་འབད་ཡོད་མི་ ཟད་འགྲོ་མ་དངུལ་དེ་ཡང་ རྒྱ་གར་རྒྱལ་ཁབ་ཀྱིས་ རྒྱ་གར་མ་བརྩི་བར་ གཞན་མི་ སཱག་ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ནང་ ལས་འགུལ་གྱི་དོན་ལུ་ ཟད་འགྲོ་གཏང་ཐབས་ལུ་དམིགས་ཏེ་ ཁས་བླངས་གྲོགས་རམ་ ཡུ་ཨེསི་ཌོ་ལར་ ས་ཡ་༡༠༠ བྱིན་མིའི་ཐོག་ལས་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞལ་འཛོམས་དེ་ལུ་བརྟེན་ ད་ལས་ཕར་ ལས་འགུལ་འཛིན་སྐྱོང་འཐབ་མི་ཚུ་གིས་ ལས་འགུལ་གྱི་ཟད་འགྲོ་བརྒྱ་ཆ་༨༥ མི་སེར་ཚུ་ལུ་ ཕན་ཐོགས་ཚུགསཔ་བཟོ་དགོཔ་མ་ཚད་ མ་དངུལ་གྱི་འགོ་དཔོན་ཚུ་གིས་ ལས་འགུལ་ས་ཁོངས་ཚུ་ནང་ ལཱ་ཚུ་ ག་དེ་སྦེ་ར་ འབད་དོ་ཡོདཔ་ཨིན་ནའི་སྐོར་ལས་ དབྱེ་ཞིབ་འབད་བར་ འགྱོ་འོང་ཟེར་ཨིན་པས།
ཁ་ཙ་ལས་འགོ་བཙུགས་མི་ ཉིན་གྲངས་༥ འི་ ལྟ་རྟོག་དང་ དབྱེ་ཞིབ་ཞལ་འཛོམས་ནང་ རྒྱལ་ཁབ་༨ ཀྱི་ ལས་འགུལ་མཁས་མཆོག་དང་ གཞན་མི་གཞུང་དང་ ལས་འགུལ་ལག་ལེན་འཐབ་མི་ཚུ་གིས་ གདམ་འཐུ་འབད་མི་ མི་ངོ་ཚུ་འབདཝ་ད་ མི་གྲས་༤༠ གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ད་རེས་ཀྱི་ ཞལ་འཛོམས་དེ་ སཱག་གཞུང་སྐྱོང་ཚོགས་སྡེའི་ བཀོད་ཚོགས་ཞལ་འཛོམས་ཀྱིས་ དགོས་མཁོ་བཀོད་མི་དང་འཁྲིལ་ཏེ་ སཱག་གོང་འཕེལ་མ་དངུལ་གྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment