ད་རེས་ རྒྱལ་ཁབ་ཀྱི་ གོང་འཕེལ་ལཱ་ཚུ་ ཕྱི་ཁའི་མ་དངུལ་གྲོགས་རམ་ཐོག་ལས་ འབད་དོ་ཡོདཔ་བཞིན་དུ་ ལོ་༥ འི་འཆར་གཞི་༡༠ པའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ དུང་ཕྱུར་༡༤༨ འབད་མི་དེ་ ཟད་འགྲོ་སྦོམ་ཤོས་ཅིག་ཨིན་རུང་ དེ་ལུ་བརྟེན་པའི་ཁེ་ཕན་དེ་ ཞི་གཡོགཔ་ཚུ་ལུ་ དངུལ་ཕོགས་ཀྱི་ཐོག་ལས་དང་ གཞུང་དོན་གྱི་ཅ་ཆས་ མཁོ་སྒྲུབ་འབད་མི་དེ་གིས་ ཚོང་པ་ཚུ་ལུ་ཁེ་སང་དང་ ཁག་འབགཔ་ཚུ་ གོང་འཕེལ་གཏང་ནི་ལུ་ ཕན་ཁྱད་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ ང་བཅས་ཀྱིས་ མ་དངུལ་ཐོབ་མི་དེ་ མང་ཤོས་ར་ ཞལ་འདེབས་ཐོག་ལས་ཨིན་རུང་ མ་དངུལ་ལེགས་ཤོམ་སྦེ་ ལག་ལེན་དང་ བདག་འཛིན་འཐབ་མ་ཤེས་པར་ ཆུད་ཟད་བཏང་དོ་བཟུམ་མཐོངམ་མས་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ད་ དེའི་སྐྱོན་དེ་ མ་དངུལ་ཚུ་ ལེགས་ཤོམ་སྦེ་ གསོག་འཇོག་འབད་མ་ཤེས་པའི་ རྟགས་མཚན་ཨིན་མས་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ གཞུང་དང་ མི་སེར་གྱིས་ འཕྲལ་དང་ཕུགས་ལུ་ ཕན་ཐོགསཔ་འབད་ ལག་ལེན་འཐབ་མ་ཤེས་པར་ ཚད་ལས་བརྒལ་བའི་ ཟད་འགྲོ་བཏང་མི་ལུ་བརྟེན་ཨིན་རུང་ ཧེ་མ་ རྒྱལ་ཁབ་གོང་འཕེལ་མ་འགྱོ་བའི་སྐབས་ རྒྱལ་ཁབ་འདི་ སོ་ནམ་དང་ སྒོ་ནོར་ དེ་ལས་ འབྲུ་སྣ་༩ ལུ་བརྟེན་ཏེ་ རང་མགོ་རང་འདྲོངས་སྦེ་ སྡོད་ནུག་ཟེར་ཨིན་པས།
ད་རེས་ དཀའ་ངལ་ཐོན་མི་དེ་ ཤ་རྐྱངམ་གཅིག་གི་དོན་ལུ་ར་ ལོ་རེ་ནང་ དངུལ་ཀྲམ་ས་ཡ་༤༩༠ དང་ ཉ་རིགས་ལུ་ དངུལ་ཀྲམ་ས་ཡ་༡༦༠ ཚོད་བསྲེ་ལུ་ དངུལ་ཀྲམ་ས་ཡ་༢༨༦ ཟད་འགྲོ་བཏང་སྟེ་ ནང་འདྲེན་འབད་བའི་ཁར་ ལོ་༡ ནང་ ཆང་ལི་ཊར་ས་ཡ་༣༡༤ དེ་ཅིག་དང་ ཕྱིའི་ལས་མི་༥༡,༦༡༦ དེ་ཅིག་ ལེན་མི་ཚུ་ལུ་ ཟད་འགྲོ་བཏང་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ མ་དངུལ་མང་ཤོས་ར་ ཕྱི་ཁར་འགྱོཝ་མས་ཟེར་ཨིན་པས།
དེ་མ་ཚད་ སྣུམ་འཁོར་ནང་འདྲེན་ཡོངས་བསྡོམས་༦༢,༦༩༧ འབད་མིའི་ཐོག་ལས་ སྒེར་གྱི་སྣུམ་འཁོར་༥༧,༠༠༠ ནང་འདྲེན་འབད་ཡོདཔ་ད་ ན་ཧིང་ སྣུམ་འཁོར་༨,༠༠༠ ཉོ་མི་ལུ་བལྟཝ་ད་ གྱངས་ཁ་དེམ་ཅིག་ དགོཔ་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ན་ཧིང་ གློག་མེ་ལུ་བརྟེན་ རྒྱལ་ཁབ་ཀྱི་འོང་འབབ་ དངུལ་ཀྲམ་དུང་ཕྱུར་༥༨༧ ཐོབ་མིའི་ཐོག་ལས་ སྣུམ་འཁོར་གྱི་མར་ཁུ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༨༠ དང་ སྤྱིར་བཏང་ཟད་འགྲོ་ དངུལ་ཀྲམ་དུང་ཕྱུར་༧ བཏང་མི་དེ་ འོས་འབབ་མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་བརྟེན་ མི་ག་ར་གིས་ ཚ་གྱང་འབག་སྟེ་ རུ་པི་མ་ལང་པའི་ ར་ཁུངས་ཧ་གོ་ཞིནམ་ལས་ དཔལ་འབྱོར་སྒྲིང་སྒྲིང་བཞག་དགོ་པ་ཅིན་ སྲིད་རྐྱངམ་གཅིག་གིས་མ་ཚད་ དཔལ་འབྱོར་གྱི་ཐོག་ལས་ཡང་ སྒྲིང་སྒྲིང་བཟོ་དགོཔ་དེ་ ཧ་གོ་དགོ་ཟེར་ཨིནམ་ད་ དཀའ་ངལ་བསལ་ཐབས་ཀྱི་དོན་ལུ་ གཞུང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ དེ་ལས་ སྒེར་སྡེ་ཚུ་འཛོམས་ཏེ་ གྲོས་བསྟུན་འབད་ཡོདཔ་མ་ཚད་ དབང་འཛིན་གྱིས་ དཀའ་ངལ་དེ་གི་སྐོར་ལས་ བརྟག་ཞིབ་འབད་དེ་ འབྲུག་མི་ཡོངས་ལུ་ སྙན་ཞུ་འབད་ནི་ཟེར་ཨིན་པས།
བློན་ཆེན་མཆོག་གིས་འབད་བ་ཅིན་ དེ་བཟུམ་གྱི་དཀའ་ངལ་དེ་ ད་རེས་ གཞུང་གིས་བཟོ་ཡི་ཟེར་ ལ་ལུ་ཅིག་གིས་ སླབ་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༡༩༦༦ དང་༡༩༦༧ ལུ་ རྒྱལ་ཁབ་ནང་ འགོ་ཐོག་ དངུལ་ཁང་བཙུགས་པའི་སྐབས་ རྒྱ་གར་གྱི་ཏི་རུ་ མ་ལངམ་ལས་ དངུལ་ཁང་སྒོ་བསྡམས་བཞག་དགོཔ་ཐོན་ཡི་ཟེར་ཨིནམ་ད་ དེ་ལས་ སྤྱི་ལོ་༡༩༦༨ ལུ་ རྒྱ་གར་གྱི་ རྒྱལ་ཁམས་དངུལ་ཁང་ལས་ གྲོགས་རམ་ལེན་ཞིནམ་ལས་ཚུར་ རྒྱལ་ཁབ་ནང་ དངུལ་ཁང་ལེགས་ཤོམ་སྦེ་ གཞི་བཙུགས་འབད་ཚུགས་ཅི་ཟེར་ཨིན་པས།
རུ་པི་མ་ལང་པའི་དཀའ་ངལ་ བསལ་ནིའི་ཐབས་ལམ་ཅིག་ རྒྱལ་ཁབ་ཀྱི་ ཁྲལ་གྱི་ལམ་ལུགས་ བསྒྱུར་བཅོས་འབད་དེ་ ཁྲལ་ཡར་སེང་འབད་དགོ་ནི་ཨིནམ་ལས་ དེའི་སྐོར་ལས་ ཤུལ་མའི་ སྤྱི་ཚོགས་ཀྱི་སྐབས་ལུ་ གསུང་གྲོས་གནང་ནི་ཟེར་ཨིན་པས།
དེ་མ་ཚད་ དུས་ཅི་ སྤྱི་ཟླ་༥ པའི་ནང་ལས་ ཚོད་བསྲེ་ཚུ་ ཕྱི་ཁར་ ཚོང་བསྒྱུར་འཐབ་ནི་དེ་ཡང་ བཀག་ཐབས་འབད་དེ་ རྒྱལ་ཁབ་ནང་ར་ བཙོང་ནིའི་ལམ་ལུགས་ཚུ་ བཟོ་ནི་ཟེར་ཨིནམ་ད་ གནམ་དགུན་ལུ་ ཚོད་བསྲེའི་དཀའ་ངལ་ མི་ཐོན་ནིའི་དོན་ལུ་ གཞུང་གིས་ སོན་རིགས་དང་ ཞབས་ཏོག་ཚུ་ཡང་ འབྱིན་ནི་ཨིན་ཟེར་ གསུངས་ཡོད་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment