Pages

སྐུ་འཁོར་གྱི་ མཚན་བརྗོད་ཐོག་ གཞུང་ས་བཙོང་མི་ལུ་ ཉེས་འཛུགས།

ས་ཆ་ཚོང་འབྲེལ་ངོ་ཚབ་གཉིས་ཀྱིས་ གཞུང་ས་ཨེ་ཀར་༤༠ དེ་ཅིག་ ཧམ་འཛུལ་ཐོག་ ཚུལ་མིན་བདག་བཟུང་འབད་ཡོད་པའི་ མངོན་གསལ།

༉ འཕྲལ་ཁམས་ཅིག་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐུ་འཁོར་གྱི་ མཚན་ཐོ་ནང་ བུམ་ཐང་ལས་ གཞུང་ས་བཙོང་ནི་གི་ དཔའ་བཅམ་མི་གཉིས་ལུ་ ཉེས་འཛུགས་འབད་དེ་ ཟླཝ་ཧེ་མའི་ནང་ རྩོད་བཤེར་གྱི་དོན་ལུ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།


དེ་ཡང་ སྒར་སྤང་ལུ་ཡོད་མི་ ཨ་ཞེ་ཆོས་སྐྱིད་དབང་མོ་དབང་ཕྱུག་གི་ ས་ཆའི་ཚོང་འབྲེལ་ནང་ ངོ་ཚབ་སྦེ་ ལཱ་འབད་མི་  རྒྱལ་མཚན་ལ་དང་ ཚེ་འདས་འགུཔ་སྤེན་པ་ཚེ་རིང་གཉིས་ཀྱིས་ གཞུང་གིས་ ཉམས་སྲུང་འབད་བཞག་མི་ ནགས་ཚལ་ཚུ་ མི་ངོ་སོ་སོ་ལུ་ ཤན་ཞུགས་འབད་དེ་ ཉོ་བཅུག་མི་དང་ བསྒུལ་མེད་ཀྱི་ རྒྱུ་དངོས་སྤོ་བཤུད་འབད་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་ཚུ་འབད་ཡོདཔ་ཨིན་པས།
བཤེར་ཡིག་དེ་ རྫོང་ཁག་ཁྲིམས་འདུན་ལུ་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ཐོ་བཀོད་འབད་ཡོད་རུང་ ད་ལྟོ་ སྙན་གསན་འགོ་མ་བཙུགས་པར་ཡོདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༩ དང་༢༠༡༠ ཁ་ཉེས་ཕོག་མི་༢ ཀྱིས་ གཞུང་གི་ནགས་ཚལ་ཚུ་ ཨ་ཞེ་ཆོས་སྐྱིད་དབང་མོ་དབང་ཕྱུག་གི་ མཚན་ཐོ་ཁར་ཡོད་ཟེར་སླབ་སྟེ་ ཚུལ་མིན་གྱི་ཐོག་ལས་ གཞུང་ས་ཨིནམ་ ཤེས་རྟོགས་མེད་མི་ཚུ་ལུ་བཙོང་སྟེ་ ས་རིན་ཚུ་ སྔོན་བྱིན་ལེན་པའི་ཤུལ་ལུ་ ཁྲམ་སྤོ་སོར་འབད་ནི་གི་ དཔའ་བཅམ་ནུག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ འབྲེལ་ཡོད་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ ཁ་ཉེས་ཕོག་མི་༢ ཀྱིས་ ཨ་ཞེ་ཆོས་སྐྱིད་དབང་མོའི་སྲསམོ་ ཨ་ཞེ་བདེ་སྐྱིད་ཆོས་སྒྲོན་གྱི་ ངོ་ཚབ་སྦེ་ ལཱ་འབད་བའི་སྐབས་ ཚུལ་མིན་ཐོག་ལས་ གཞུང་ས་བཙོང་ནི་གི་ དཔའ་བཅམ་པའི་ཁར་ འབྲེལ་ཡོད་དབང་འཛིན་ཚུ་ལས་ ཉོགས་མེད་ལག་ཁྱེར་ཚུ་ ག་ནི་ཡང་ མ་ལེན་པར་ གཞུང་ས་ཚུ་ བསལ་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་ཡང་ སོ་ནམ་དང་ ནགས་ཚལ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོའི་བཀའ་རྒྱ་དང་འཁྲིལ་ཞིབ་དཔྱད་འབདཝ་ད་ ས་ཆ་དེ་ནང་འཁོར་ལམ་ཀི་ལོ་མི་ཊར་༢.༧ བཏོན་ཡོད་མི་ལས་ ཀི་ལོ་མི་ཊར་༢.༡ དེ་གཞུང་ས་ནང་ལས་ རང་བཞིན་གནས་སྟངས་ལྷན་ཚོགས་དང་ནགས་ཚལ་ལས་ཁུངས་ལས་ཉོགས་མེད་ལག་ཁྱེར་མེད་པར་བསལ་ཡོད་པའི་ མཐོང་གསལ་བྱུང་ནུག།
དེ་མ་ཚད་ ཁོང་༢ ཀྱིས་ས་ཆ་ཚུ་ཚོང་འབྲེལ་འཐབ་པའི་སྐབས་གཞུང་དང་ སྒེར་སའི་ས་མཚམས་ཚུ་ལེགས་ཤོམ་སྦེ་དབྱེ་ཞིབ་མ་འབད་བར་ གཞུང་ས་ཨེ་ཀར་བསྡོམས་༡༩.༨༠ བཙོང་ནི་གི་དཔའ་བཅམ་ཡོདཔ་ད་ ཨ་ཞེ་ཆོས་སྐྱིད་དབང་མོ་དབང་ཕྱུག་གིས་ ཚེ་འདས་འགུཔ་སྤེན་པ་ཚེ་རིང་ལུ་ མོ་རའི་ས་ཆ་ ཚོང་འབྲེལ་འཐབ་ནི་དང་ འཁོར་ལམ་བཏོན་ནི་གི་དབང་ཆ་གནང་ཡོདཔ་ཨིན་པས།
ས་ཆ་དེ་ནང་ འཁོར་ལམ་སེལ་ནིའི་དོན་ལུ་ ཚེ་འདས་སྤེན་པ་ཚེ་རིང་གིས་ སྤྱི་ལོ་༢༠༠༩ ཟླཝ་༡༠ པའི་ཚེས་༢༩ ལུ་ བུམ་ཐང་རྫོང་བདག་ལུ་ གནང་བའི་དོན་ལུ་ ཞུ་ཡིག་བཙུགས་ཡོད་རུང་ སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ རྫོང་ཁག་གི་ རང་བཞིན་གནས་སྟངས་འགོ་དཔོན་གྱིས་ ས་ཁོངས་ནང་ ཞིབ་དཔྱད་འབད་བའི་སྐབས་ལུ་ འཁོར་ལམ་བསལ་མི་ལས་ མི་ཊར་༣༠ དེ་ཅིག་ གཞུང་གིས་ བདག་འཛིན་འཐབ་བཞག་མིའི་ ནགས་ཚལ་ཨིན་པའི་ དོགས་པ་ཆགས་ཏེ་ ལམ་སེལ་དང་ ནགས་ཚལ་ལས་ཁུངས་ལས་ ཉོགས་མེད་ལག་ཁྱེར་ལེན་ཞིནམ་ལས་ རྫོང་ཁག་ནང་ སྙན་ཞུ་འབད་དགོཔ་སྦེ་ སླབ་ཡོད་རུང་ འོང་མ་བཏུབ་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ཟླ་༡༢ པའི་ནང་ རང་བཞིན་གནས་སྟངས་འགོ་དཔོན་གྱིས་ ལམ་ཀི་ལོ་མི་ཊར་༡ དེ་ཅིག་ བསལ་ཚར་ཡོདཔ་མཐོང་སྟེ་ དེ་འཕྲོ་ལས་ མཚམས་འཇོག་འབད་དགོ་པའི་ ཡི་གུ་བཏང་ཡོད་རུང་ ཆ་གནས་མ་འབད་བར་ ལམ་སེལ་གྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་ཡོདཔ་ལས་ རྫོང་ཁག་རང་བཞིན་གནས་སྟངས་ཚོགས་པ་གིས་ བཀའ་རྒྱ་ལུ་མ་གནས་པའི་ ཉེས་བྱ་དངུལ་ཀྲམ་༥༠༠༠ བཀལ་ནུག།
ཨིན་རུང་ ལཱ་འཕྲོ་མཐུད་དེ་ར་འབད་དེ་ སྤྱི་ཟླ་༡༢ པའི་ཚེས་༣༠ ལུ་ སོ་ནམ་དང་ ནགས་ཚལ་བློན་པོ་གིས་ མཚམས་འཇོག་འབད་དགོ་པའི་ བཀའ་རྒྱ་ལྷོདཔ་ད་རྐྱངམ་གཅིག་ བཀག་ཆ་འབད་ཡོདཔ་ཨིན་པས།
ཚེ་འདས་སྤེན་པ་ཚེ་རིང་གིས་ ཨ་ཞེ་དང་ གཞུང་སའི་ས་མཚམས་དེ་ འཁོར་ལམ་ནང་ཚུད་ཡོདཔ་ལས་ གཞུང་གི་སྲུང་སྐྱོབ་ནགས་ཚལ་ནང་ ཧམ་འཛུལ་འབད་འབདཝ་མེད་ཟེར་ ངག་བརྗོད་ཕུལ་ཡོདཔ་ཨིན་རུང་ འཕྲམ་ཁམས་ཅིག་ཁར་བཏོན་མི་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ཉེས་འཛུགས་ཅན་དེ་གིས་ གཞུང་ས་བསྡོམས་ ཨེ་ཀར་༤༠ དེ་ཅིག་ ཧམ་འཛུལ་འབད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
རྫོང་ཁག་ནགས་ཚལ་ལས་ཁུངས་ཀྱི་ ས་མཚམས་སྡེ་ཚན་གྱི་སྙན་ཞུ་དང་འཁྲིལཝ་ད་ འཁོར་ལམ་བསྡོམས་མི་ཊར་༢༧༡༣.༡༧ བསལ་ཡོད་ས་ལས་ མི་ཊར་༥༧༣རྐྱངམ་གཅིག་ཐོ་བཀོད་འབད་ཡོད་མི་སྒེར་ས་ནང་ཚུད་དེ་ཡོདཔ་ཨིན་པས།
ལམ་བསལ་བའི་སྐབས་ལུ་ ལམ་གྱི་ཉེ་འདབས་ལས་ཕར་ གནང་བ་ཡོད་མི་དང་ མེད་མི་རྩིས་ཏེ་ ཤིང་བསྡོམས་༧༧༨ བརྡབས་ཡོད་མི་ལས་ ཤིང་རྩ་བོ་༤༨༨ དེ་ གནང་བ་ལེན་ཡོད་རུང་ ལྷག་ལུས་༢༩༠ དེ་ གནང་བ་མེད་པར་ བརྡབས་ཡོདཔ་ཨིན་པས།
རྒྱལ་མཚན་ལ་གིས་ སླབ་མིའི་ནང་ ཁོང་གིས་ ས་ཆ་ཨེ་ཀར་༢༦ དེ་ཅིག་ མི་ངོ་༧༣ ལུ་ བཙོང་མི་ལས་ མང་ཤོས་ཅིག་གིས་ ས་རིན་བརྒྱ་ཆ་༥༠ སྤྲོད་ཚར་ཡོད་རུང་ རེ་གཉིས་ཀྱིས་ མ་སྤྲོད་པར་ཡོད་ཟེར་ཨིནམ་ད་ ལ་ལུ་གིས་ ས་རིན་ཚངམ་སྦེ་ སྤྲོད་ཅི་ཟེར་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment