Pages

ས་མཚམས་བདའ་སྟེ་ ཤིང་ཆས་ནག་ཚོང་འཐབ་མི་ཚུ་ ལྟ་རྟོག་འབད་ནི་ལུ་དོ་འགྲན།

ད་ཚུན་ རྒྱལ་ཡོངས་མ་ནཱསི་གླིང་ཁའི་ ནགས་ཚལ་འགོ་དཔོན་ཚུ་གིས་ ཤིང་ཆས་ནག་ཚོང་འཐབ་མི་ཚུ་ལས་ ཤིང་དུམ་༢༠༠ དང་ གླང་༤༠ དེ་ལས་ གླང་འཁོར་༤༥ དེ་ལས་ སྟྭ་རེ་དང་དཔའ་རྟགས་ མང་རབས་ཅིག་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།

ས་མཚམས་ཕྱི་ཁར་ ནག་ཚོང་འཐབ་ནིའི་དོན་ལུ་ གླང་འཁོར་ནང་ བཙུགས་བཞག་མི་ ཤིང་དུམ་ཚུ།
 ༉ དགེ་ལེགས་ཕུག་ རྒྱལ་ཡོངས་མ་ནཱསི་གླིང་ཁའི་ ནགས་ཚལ་འགོ་དཔོན་ཚུ་གིས་ ནག་ཚོང་འཐབ་ནིའི་དོན་ལུ་ གྲ་སྒྲིག་འབད་བཞག་མི་ ཤིང་ཆས་མང་རབས་ཅིག་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།



དེ་མ་ཚད་ ཉིནམ་དག་པ་ཅིག་གི་ཧེ་མར་ ནགས་ཚལ་ནང་ལས་ ཤིང་དུམ་ཚུ་ སྐྱེལ་འདྲེན་འབད་མི་ གླང་༨ ཡང་ ནགས་ཚལ་འགོ་དཔོན་ཚུ་གིས་ ས་ཁོངས་ནང་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས། 
མ་ནཱསི་གླིང་ཁའི་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཤིང་ནག་ཚོང་འཐབ་མི་ རྒྱ་གར་གྱི་མི་ཚུ་གིས་ ཀ་ན་མ་ཀུ་ར་་དང་ ཀུ་ཀུ་ལུང་ དེ་ལས་ ཏི་ཏོ་པཱ་ནི་གཙང་ཆུའི་མཐའམ་བདའ་སྟེ་ ཨ་རྟག་ར་ ཤིང་ནག་ཚོང་འཐབ་མི་དེ་ བཀག་ཆ་འབད་མ་ཚུགས་པའི་ དཀའ་ངལ་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤིང་ཆས་ནག་ཚོང་འཐབ་མི་ཚུ་ མང་ཤོས་ར་ རྒྱ་གར་གྱི་ ས་མཚམས་ཁའི་ གཡུས་ཚན་ཚུ་ནང་ལས་ ཐོནམ་མས་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ས་མཚམས་ཁང་ བཀག་ཆ་འབད་ནི་ མེད་པ་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
རྒྱ་གར་ལས་ ཤིང་ཆས་ནག་ཚོང་འཐབ་མི་ཚུ་གིས་ མ་ནཱསི་གཙང་ཆུ་བརྒྱུད་དེ་ ཨུམ་གླིང་གཡུས་ཚན་ནང་ལས་ འཛུལ་འོངམ་མས་ཟེར་ཨིན་པས།
གནམ་དགུན་གྱི་སྐབས་ལུ་ ཤིང་ཆས་ནག་ཚོང་འཐབ་མི་ཚུ་གིས་ སྡེ་ཚན་འབད་ འོང་ཞིནམ་ལས་ ནུབ་མོ་ཤིང་ཚུ་བརྡབས་ཏེ་ ཁོང་རང་གིས་བཟོ་མི་ ཤིང་འབག་མི་གླང་འཁོར་ཚུ་ནང་བཙུགས་ཏེ་ འབག་འགྱོཝ་མས་ཟེར་ཨིན་པས།
གནམ་བྱཱར་གྱི་སྐབས་ལུ་ ཀ་ན་མུ་ཀུ་ར་གཙང་ཆུ་ སྦོམ་འགྱོ་དོ་ཡོདཔ་ལས་ ཤིང་ཚུ་བརྡབས་ཞིནམ་ལས་ གཙང་ཆུ་ནང་ བཙུགས་བཏངམ་མས་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཤིང་ཆས་ནག་ཚོང་འཐབ་མི་ཚུ་གིས་ སྲ་ཤིང་ཚུ་ བཏོག་འབག་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ སྲ་ཤིང་ཚུ་ རྫོགས་འགྱོ་དོ་ཡོདཔ་ལས་ ཤིང་ག་ཅི་ར་ཐོབ་རུང་ འབག་འགྱོཝ་མས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཤིང་ནག་ཚོང་འཐབ་མི་ཚུ་ འཛིན་བཟུང་འབད་བ་ཅིན་ ཤིང་ཆས་ཚུ་ འཕྱོག་བཞགཔ་མ་ཚད་ ཉེས་བྱ་ཡང་ བཀལཝ་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་མ་ནཱས་གླིང་ཁའི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༠ ལས་འགོ་བཙུགས་ཏེ་ ད་ལྟོ་ཚུན་གྱི་བར་ན་ རྒྱལ་ཡོངས་མ་ནཱསི་གླིང་ཁ་འོག་གི་ ཨུམ་གླིང་དང་ མ་ནཱསི་ དེ་ལས་ གོང་ཕུག་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ ཤིང་དུམ་༢༠༠ དང་ གླང་༤༠ དེ་ལས་ ཤིང་འབག་མི་ གླང་འཁོར་༤༥ སྟྭ་རེ་ དེ་ལས་ དཔའ་རྟགས་བརྒྱ་ལས་བཅད་དེ་ འཕྱོག་བཟུང་འབད་ཡི་ཟེར་ཨིན་པས།
དེ་མ་ཚད་ ཉེས་བྱ་དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ཡང་ བསྡུ་ལེན་འབད་ཡི་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༠ གྱི་ཟླ་༡༢ པའི་ ཐོ་ཡིག་ཐོབ་མ་ཚུགས་མི་དེ་ཡང་ ཆུ་རུད་ཐོན་པའི་ཤུལ་ལུ་ ཐོ་བཀོད་འབད་དེ་ཡོད་མི་ གློག་རིག་ཀམ་པུས་ཊར་དང་ ཡིག་ཆ་ཚུ་ མེདཔ་བཏང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
འཛིན་བཟུང་འབད་མི་གླང་ཚུ་ ལ་ལུ་ཅིག་ རིན་བསྡུར་གྱི་ཐོག་ལས་ བཙོང་ཡོདཔ་ད་ ལ་ལུ་ཅིག་ ཚེ་ཐར་བཏང་དོ་ཡོདཔ་བཞིན་དུ་ གླང་འཁོར་ཚུ་ མེ་བཏངམ་ཨིན་ཟེར་ ནགས་ཚལ་འགོ་དཔོན་གྱིས་ སླབ་ཨིན་པས།
ཤིང་ཆས་ནག་ཚོང་འཐབ་མི་ཚུ་ མང་ཤོས་ར་ ནུབ་མོ་དང་ ཡང་ཅིན་ དྲོ་པ་ཧ་སག་ འཛིན་བཟུང་འབད་ཚུགས་པས་ཟེར་ཨིན་པས།
ནགས་ཚལ་གྱི་ ལམ་ལུགས་དང་འཁྲིལ་བ་ཅིན་ ས་མཚམས་ཀྱི་གླིང་ཁ་ ཀ་ན་མ་ཀུ་ར་ལུ་ ནགས་ཚལ་འགོ་དཔོན་༡༠ དང་གཅིག་ཁར་ དམག་མི་༡༠ བཙུགས་དགོཔ་སྦེ་ ཡོདཔ་ཨིན་རུང་ མི་མ་ལང་མི་ལུ་བརྟེན་ ནགས་ཚལ་འགོ་དཔོན་༡༠ རྐྱངམ་གཅིག་ལས་མེད་ཟེར་ཨིན་པས།
ཨིན་རུང་ དགེ་ལེགས་ཕུག་གི་ ས་མཚམས་བདའ་སྟེ་ཡོད་མི་ ནགས་ཚལ་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ ནགས་ཚལ་འགོ་དཔོན་ ཁ་སྐོང་བཙུག་དགོཔ་དེ་ ག་ནི་བ་ ཁག་ཆེ་བས་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment