གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནངས་པ་ རྒྱལ་ཁབ་མཐའ་དབུས་མེད་པར་ འཛམ་གླིང་དགའ་སྐྱིད་ཀྱི་ཉིནམ་ བརྩི་སྲུང་འབད་ནི།

 ༉ ནངས་པ་ འཛམ་གླིང་དགའ་སྐྱིད་ཀྱི་ཉིནམ་ བརྩི་སྲུང་འབདཝ་དང་འབྲེལ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཁོ་རའི་ཨ་ལུ་ཚུ་དང་ དི་བུ་དང་ དི་བུམོ་ཚུ་ཁྱིད་དེ་ ཐིམ་ཕུའི་ས་གནས་ཚུ་ནང་ ཁམས་སངས་བྱོན་ནི་ཨིན་པས།

གཞན་དལ་གཞི་ བློན་ཆེན་གྱིས་ ཁོ་རའི་ མི་རབས་༤ གི་ ནང་མི་ཚུ་ཁྱིད་ཐོག་ལས་ ཉིནམ་བརྩི་སྲུང་འབད་ཚུགས་པ་ཅིན་ ལྷག་པར་དུ་ སྤྲོ་སྣང་སྦོམ་འབྱུང་ཚུགས་ནི་ཨིན་རུང་ ཁོ་རའི་ སྐྱེས་བའི་ཡུམ་དང་གཅིག་ཁར་ བཞུགས་ནིའི་ དུས་སྐལ་དེ་ ཟླ་ངོ་དག་པ་ཅིག་གི་ཧེ་མར་ རྫོགས་སོ་ཡི་ཟེར་གསུངས་ཡི།


དེ་ཡང་ འཛམ་གླིང་ནང་ འགོ་དང་པ་ འགོ་འདྲེན་འཐབ་མི་ དུས་ཅི་གི་ འཛམ་གླིང་དགའ་སྐྱིད་ཀྱི་ཉིནམ་དེ་ དམིགས་བསལ་དུ་ ནང་མི་བཟའ་ཚང་ཚུ་དང་ ལྟ་ལྟོ་ཚང་ དེ་ལས་ མི་སྡེ་ཚུ་གཅིག་ཁར་འཛོམས་བཅུག་སྟེ་ འབྲེལ་བ་གོང་འཕེལ་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

བློན་ཆེན་གྱིས་གསུངས་མིའི་ནང་ དགའ་སྐྱིད་ཀྱི་ཉིནམ་དེ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ གཙོ་ཅན་ཅིག་ཨིན་མི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་བརྟེན་ འབྲུག་རྒྱལ་ཁབ་ནང་ལས་ བྱུང་ཡོདཔ་ལས་ ད་རེས་ རྒྱལ་སྤྱི་གིས་ བརྩི་སྲུང་ཞུ་བའི་སྐབས་ ངལ་རངས་སྦོམ་ བསྐྱེད་དགོཔ་ཅིག་ ཨིན་མས་ཟེར་ཨིན་མས།

ད་ཚུན་གྱི་རིང་ མི་ཚུ་གིས་ དགའ་སྐྱིད་འབྱུང་དགོ་པ་ཅིན་ རྒྱུ་ནོར་ལོངས་སྤྱོད་ བསག་དགོཔ་སྦེ་ མནོ་བསམ་བཏང་སྟེ་ཡོདཔ་ད་ རྒྱུ་ནོར་ལོངས་སྤྱོད་དང་ལྡན་རུང་ ལུས་ལུ་མ་གཏོགས་ སེམས་ལུ་བདེ་བ་མེདཔ་ལས་ ཉིནམ་བརྩི་སྲུང་དེ་ལུ་བརྟེན་ མི་སེར་ཚུ་གིས་ བདེ་སྐྱིད་ངོ་མ་དེ་ ག་ཅི་བཟུམ་ཅིག་ལུ་སླབ་ཨིན་ན་ ཧ་གོ་ཚུགས་པའི་ རེ་བ་ཡོད་ཟེར་ བློན་ཆེན་གྱིས་གསུངས་ཡི།

ཉིནམ་བརྩི་སྲུང་གི་དོན་ལུ་ དྲོ་པ་ བཀྲིས་ཆོས་རྫོང་གི་ རྒྱལ་དར་མཐའ་འཁོར་ལུ་ ཁྲོ་༨ དེ་ཅིག་ནང་ ཆུ་ལྟེམ་ལྟེམ་སྦེ་ བཀང་ཐོག་ལས་ འགོ་བཙུགས་ནི་ཨིན་པས།

དེ་བཟུམ་སྦེ་ དྲོ་པའི་ཆུ་ཚོད་༧ ལས་༡༡ ཚུན་ བཀྲིས་ཆོས་རྫོང་ནང་ མི་མང་ལུ་ མཐོང་གྲོལ་གྱི་ མཇལ་ཁ་གནང་ནི་དང་ མཐོང་གྲོལ་མཇལ་བར་འོང་མི་ དད་ཅན་ཚུ་གིས་ བཀྲིས་ཆོས་རྫོང་གི་ འཛུལ་སྒོ་ལས་ འཐོབ་ཚུགས་ནི་ཨིན་མི་ པད་འདབ་ཚུ་ རང་གི་དང་འདོད་དང་འཁྲིལ་ རིན་དུམ་གྲ་རེ་སྤྲོད་དེ་ ཉོ་འབག་ཞིནམ་ལས་ རྩ་བ་༣ ལུ་ གུས་བཏུད་ཞུ་ནིའི་ཚུལ་དུ་ ཆུ་བཀང་བཞག་མི་ཁྲོ་ཚུ་ནང་ ཕུལ་དགོཔ་ཨིན་པས།

དེ་བཟུམ་སྦེ་ ཉིནམ་དེ་ལུ་ ནོར་འཛིན་ལམ་བདའ་སྟེ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ནི་ལས་ བཀག་ཆ་འབད་དེ་ ས་གནས་ཐདམ་ཐད་ཁ་ལས་ཕར་ སྒྲ་དབྱངས་ཁང་ཚུ་ནང་ ལཱ་འབད་མི་ཚུ་གིས་ ཞབས་ཁྲའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་དང་ ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་ས་དང་ ནོར་འཛིན་ལམ་བདའ་སྟེ་ བཟའ་ཁང་ཚུ་ཡང་ བཙུགས་ནི་ཨིན་པས།

ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉིནམ་བརྩི་སྲུང་གི་ སྤྲོ་སྟོན་ལས་རིམ་གཙོ་ཅན་དེ་ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་སྦེ་ འབྲུག་པའི་གློག་བརྙན་ཚོགས་སྡེ་དང་ འབྲུག་བརྒྱུད་འཕྲིན་ལས་འཛིན་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ སྤྲོ་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལྕང་ཇི་ཇི་དང་ བདེ་ཆེན་ཆོས་གླིང་གི་ ས་གནས་ཚུ་ནང་ཡང་ སྤྲོ་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་དང་ འབྲུག་གི་སྙན་ཆ་དང་ཞིབ་འཚོལ་ལྟེ་བའི་མདོ་ཆེན་ ཁེངས་བསོད་ནམས་རྡོ་རྗེ་གིས་ མི་དབང་འབྲུག་རྒྱལ་༣ པའི་སྐབས་ཀྱི་ ཞབས་ཁྲ་རྐྱབ་མི་ཚུ་དང་གཅིག་ཁར་ ཞབས་ཁྲའི་ལས་རིམ་ཚུ་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ བརྒྱ་འཁོར་གླིང་ཁ་ནང་ རྒས་ཤོསམ་ཚུ་གི་དོན་ལུ་ རང་ལུགས་ཀྱི་ རྩེདམོ་རྙིངམ་ཅིག་ཨིན་མི་ སྟག་དང་ནོར་གྱི་ རྩེདམོ་ཚུ་ཡང་ འགོ་འདྲེན་འཐབ་ནི་དང་ ས་གནས་ཚུ་ནང་ གསོ་བའི་ལྷན་ཁག་གིས་ ནད་རིག་བརྟག་དཔྱད་ཀྱི་ ཞབས་ཏོག་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།

འཛམ་གླིང་དགའ་སྐྱིད་ཀྱི་ཉིནམ་དེ་ སྤྱི་ལོ་༢༠༡༡ ཟླ་༧ པའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ ཆ་འཇོག་གྲུབ་ཡོདཔ་ད་ བརྩི་སྲུང་གི་ཉིནམ་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ ཉིན་མཚན་དུས་མཉམ་དང་འབྲེལ་ འགོ་འདྲེན་འཐབ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།

དགའ་སྐྱིད་ཀྱི་ཉིནམ་དེ་ ཐིམ་ཕུ་ལུ་བཟུམ་སྦེ་ རྒྱལ་ཁབ་ཀྱི་རྫོང་ཁག་ ཆ་མཉམ་ནང་ རང་སོའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།
                                                                                ཉི་མ་དབང་འདུས།



No comments:

Post a Comment